(པར་ངོས་དང་པོར་མཐུད)ཚོགས་ཆེན་བཞི་པ་བཅས་ཀྱི་དྲན་གསོ་ཁང་དུ་ཧྲང་ཧའེ་ཡིས་སྔ་རྗེས་སུ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》གསལ་འགྲེལ་སོགས་ཀྱི་ཐོག་མའི་བསམ་འདུན་འཆད་ཁྲིད་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས་གསུམ་འཚོགས་པ་དང་འབྲེལ་རིག་ལྡན་ཏང་འཛུགས་སྐྱོང་གི་ལས་སྟེགས་བརྒྱུད་གཞི་རིམ་ཏང་རྩ་འཛུགས་ཁག་ལ་ཁྱབ་གདལ་བཏང་བ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་རྟེན་གནས་དང་དུས་རབས་གསར་པའི་གཞི་རིམ་ཏང་འཛུགས་སྐྱོང་གསར་གཏོད་ལག་ལེན་རྟེན་གཞིར་ཆེད་དོན་བགྲོ་གླེང་དང་ཉེན་བརྡའི་སློབ་གསོ་སོགས་མང་དུ་བཏང་ནས་ཡུལ་དངོས་སུ་ཞབས་ཞུ་ཧུར་ཐག་བསྒྲུབས་ཡོད། ཧྲང་ཧའེ་ཡིས་ད་དུང་ཉེན་བརྡའི་སློབ་གསོའི་རྟེན་གཞི་དང་། གསར་རྗེའི་ཐོན་ཁུངས་ཀྱི་མིང་ཐོ། སློབ་ཚན། དགེ་རྒན་སོགས་ཀྱི་གསལ་ཐོ་གསུམ་བཏོན་ནས་སློབ་སྦྱོང་དང་སློབ་གསོའི་ཐོན་ཁུངས་སྣ་ཚོགས་ཕྱོགས་ཡོངས་དང་ནུས་ལྡན་ངང་མཁོ་འདོན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་པར་འདེགས་སྐྱོར་བརྟན་པོ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སེམས་ནང་ཟུག་རྒྱུར་སྐུལ་འདེད་བཏང་བ་རེད།
འགན་འཁྲི་གཙོ་བོར་དམིགས་ཏེ་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་ས་གནས་ཁག་གིས་སློབ་སྦྱོང་དང་ལས་ཀ་གཅིག་གྱུར་ཡོང་བར་བྱས་པ། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔེ་སྟོན་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཚང་མས་སློབ་སྦྱོང་རྩ་བར་འཛིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ཐད་མུ་མཐུད་འབད་བརྩོན་བྱས་ཡོད།
ཉིང་ཞ་ནོར་སྲིད་ཐིང་གི་ཐོག་སོ་གཉིས་པའི་ཚོགས་ཁང་ཆེན་པོའི་ནང་གཞོན་ནུ་ཏང་ཡོན་གྱིས《སྲོལ་ཡིག》ལ་དམིགས་ནས་གཅིག་སྡུད་སློབ་སྦྱོང་དང་སྤེལ་རེས་བྱེད་ཀྱི་ཡོད།ཧྲིལ་ཀློག་དང་ཞིབ་ཀློག་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་བྱེད་པའི་ཁྲོད་གྱོད་དཔེར་དབྱེ་ཞིབ་དང་ཞིབ་བསྡུར་ཞིབ་དཔྱད་མཉམ་འདྲེས་བྱས་པ་རེད།ཉིང་ཞ་ནོར་སྲིད་ཐིང་གིས་སྔོན་རྩིས་སྒྲིག་གཞི་དང་། མ་དངུལ་གཏོང་སྤྲོད། ལས་རྗེས་གདེང་འཇོག་སོགས་འགག་རྩའི་ལས་གནས་ལ་དོ་སྣང་ཆེན་པོ་བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་གཞོན་ནུ་ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་ནས་སྲིད་དོན་གཙང་སྐྱོང་གི་ཉེན་ཁའི་གནས་གསེད་བཀྲོལ་དང་ཞིབ་བཤེར་བྱས་ཏེ་བསམ་བློའི་འགོག་སྲུང་འཛིང་རགས་ཏན་ཏིག་བསྐྲུན་ཡོད།
ཉིང་ཞ་ནོར་སྲིད་ཐིང་གི་འགན་འཁུར་བློ་མཐུན་གྱིས་ནོར་སྲིད་ལས་བྱེད་པས་དམངས་ཀྱི་ཆེད་དུ་རྒྱུ་ནོར་བདག་གཉེར་བྱེད་པར་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པས།ངེས་པར་དུ་འགག་རྩའི་ལས་གནས་དང་གཙོ་གནད་མི་སྣར་དོ་སྣང་ཆེན་པོ་བྱས་ནས《སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་ལས་བྱེད་པས་དོགས་ཟོན་དང་། མཐའ་ཚད་གསལ་པོ་ཤེས་པ། གུས་ཤིང་སྐྲག་པ་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ།ནོར་སྲིད་ཀྱི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོར་དམིགས་ཏེ་ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་ཞེས་བཤད།
སློབ་སྦྱོང་གི་རིན་ཐང་ངོ་མ་ནི་ལག་ལེན་ལ་ཐུག་ཡོད། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལག་བསྟར་ཇུས་གཞི་དང་དེ་བཞིན་གསལ་འགྲེལ་དང་། གསོ་སྦྱོང་། དྲིལ་བསྒྲགས་བཅས་ཀྱི་ལས་ཀའི་ཇུས་གཞི་བཟོས་པ་དང་།སྒྲིག་ཁྲིམས་དང་ཏང་གི་སློབ་ཚན་ལ་སློབ་སྦྱོང་བྱེད་པ་སོགས་གཙོ་གནད་བྱེད་ཐབས་ཁག་6དོན་འཁྱོལ་བྱས་ཏེ།ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་དོན་དངོས་ལས་ཀ་གཅིག་གྱུར་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་དགོས་པའི་བླང་བྱ་བཏོན་ཡོད།
ཤིང་ཨན་མེང་ཨར་ཧྲན་གྲོང་ཁྱེར་ནི་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་ཞིག་ཡིན་པའི་ངོས་ནས་ཉེ་དུས་ཡུལ་སྐོར་མང་བའི་དུས་ཚིགས་སུ་སླེབས་ཡོད་པ་རེད། ཐོ་ཧྥེང་ལིན་ཐེན་ཁྲི་དང་། ཨར་ཧྲན་མེ་འཁོར་འབབ་ཚུགས། པའེ་ལེང་རི་བོ་བཅས་ནི་ཨར་ཧྲན་གྲོང་ཁྱེར་གྱི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཡིན་པས།སྤྱི་བདེ་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་འཐབ་ཕྱོགས་དང་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་འགན་སྲུང་བྱེད་ཀྱི་ཡོད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན།ཏང་འཛུགས་སྐྱོང་དང་ཡུལ་སྐོར་ཉེན་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་ལག་ལེན་འགོ་བཙུགས་ནས་ཨར་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཐབ་ཕྱོགས་དང་པོའི་ཁྲིམས་འཛིན་ཁྲོད་རྟག་ཏུ་འཕྲད་པའི་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ཏེ་གྱོད་གཞི་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་།སྦྱོང་བརྡར་ལ་བརྟེན་ནས་སློབ་སྦྱོང་ལ་རམ་འདེགས་བྱེད་ཀྱི་ཡོད་པ་རེད། མིག་སྔར་ཨར་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དྲ་ཐོག་རྒྱུན་གཏན་ཅན་གྱི་ལེ་ཚན་ཧྲང་ལན་ཉེན་རྟོག་སྒར་ས་ཞེས་པའི་རྨང་གཞིའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་ཁ་སྣོན་བྱས་ནས།ཉིན་རེར་སློབ་ཐུན་གཅིག་ཅེས་པའི་ལེ་ཚན་ཐེངས་21དྲ་ཐོག་ཏུ་སྤེལ་ནས་སྤྱི་བདེ་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་སློབ་སྦྱོང་ནན་ཏན་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།
དམིགས་ཚད་དང་ལས་འགན་ལ་དམིགས་ཏེ་གཡོ་ཟོལ་དང་ཁ་ཐོར་དུ་མི་འགྱུར་བར་གཏན་འགོག་བྱེད་པ་དང་།ས་གནས་ཁག་གིས་དངོས་སུ་སྦྱོང་བ་དང་།སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྲིག་སྲོལ་དང་སྒྲིག་ལམ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད།
ཉེ་ཆར་ཧུའུ་ནན་ཁྲང་ཧྲ་ཐེན་ཤིན་ཆུས་ཤང་ཧྥུ་ཡོན་ཏན་སློབ་ཆུང་དུ་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་སློབ་གསོ་ཅུས་ཀྱི་ལས་ཁུངས་ལས་བྱེད་པ་སོགས་ཏང་ཡོན་180ལྷག་ཙམ་མཉམ་འཛོམས་བྱས་ནས་སློབ་གྲྭའི་དོ་དམ་ཁྱབ་ཁོངས་སུ་སྤྱོད་གཙང་གི་ཉེན་ཁ་གང་དག་ལ་དོ་སྣང་བྱེད་དགོས་པ་དང་། སློབ་གསོའི་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་བླང་བྱ་གསར་པ་གང་དག་ཡོད་པ་སོགས་ཀྱི་ཐད《སྲོལ་ཡིག》ཟུར་ཁྲིད་སློབ་ཚན་ལ་སློབ་སྦྱོང་བྱས་པ་རེད།
སློབ་ཁྲིད་དགེ་རྒན་ཆུས་ཨུད་དུ་བཅའ་སྡོད་ཐེན་ཤིན་ཆུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཚོགས་ཆུང་གི་ཙུའུ་ཀྲང་ཡན་ཅིང་ཐེ་ཡིས་སློབ་ཚན་གྱི་གཙོ་གནད་ནི་སློབ་གསོའི་ཁོངས་གཏོགས་ཀྱི་སྲིད་དོན་གཙང་སྐྱོང་གི་ཉེན་ཁ་དང་། ཉེ་འགྲམ་གྱི་སྒྲིག་འགལ་དཔེ་མཚོན་གྱོད་དཔེ། དགེ་རྒན་གྱི་ཀུན་སྤྱོད་དང་ཀུན་སྤྱོད་འཛུགས་སྐྱོང་སོགས་ལ་དམིགས་ནས་འགྲེལ་བཤད་དང་མཉམ་འགུལ་ཟུང་འབྲེལ་གྱི་སློབ་སྦྱོང་རྣམ་པ་སྤྱད་དེ་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ཁྲོད་རང་ཉིད་ནང་དུ་འཇུག་རྒྱུར་ཁྲིད་སྟོན་བྱས་པ་རེད།
《སྲོལ་ཡིག》གི་གསལ་འགྲེལ་དང་གསོ་སྦྱོང་གཙོ་གནད་དུ་དམ་འཛིན་ཏན་ཏིག་བྱས་ཏེ་ཧུའུ་ནན་གྱིས་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་སྒྲིག་འཛུགས་བྱས་ནས་སྒྲིག་ཁྲིམས་ཞིབ་བཤེར་ལས་བྱེད་པ་འདེམས་མངགས་བྱས་ཏེ་ཏང་གི་སློབ་གྲྭའི་འཛིན་གྲྭ་གཙོ་བོའི་འཆད་ཁྲིད་སྟེགས་བུའི་ཐོག་བསྐྱོད་དེ་གཞི་རིམ་ཏང་རྩ་འཛུགས་སུ་བསྐྱོད་ནས་ཏང་ཡོན་ལས་བྱེད་པས《སྲོལ་ཡིག》གི་དགོངས་དོན་གྱི་ངོ་བོ་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་རྒྱུར་རོགས་རམ་བྱས་པ་རེད། ཧུའུ་ནན་ཞིང་ཆེན་རིམ་པའི་ཏང་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་སློབ་གསོ་ཐེངས་1800ལྷག་ཙམ་སྤེལ་བ་དང་ཏང་ཡོན་ལས་བྱེད་པ་མི་ཐེངས་ཁྲི་17.7ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་17ཉིན་འབྱོར་བའི་གློག་འཕྲིན)(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社