ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་རྒྱུགས་ལེན་ནི་འཕྲོད་བསྟེན་གསོ་རིག་རྒྱུགས་ལེན་ཁྲོད་ཀྱི་ཡིག་རྒྱུགས་གལ་ཆེ་ཤོས་ཤིག་དང་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་ལས་གཉེར་ཐོབ་ཐང་ཆོག་འཐུས་རྒྱུགས་ལེན་ཞིག་རེད། ཟླ་6ཚེས་15ཉིན།རང་གྲོང་གི་2024ལོའི་རྒྱལ་ཡོངས་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ལེན་རྩལ་ནུས་རྒྱུགས་ལེན་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒོད་སྐྱེས་དང་བཅས་པ་སྔ་རྗེས་སུ་རང་གྲོང་གི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རྒྱུགས་ལེན་རྟེན་གཞི་སོགས་རྒྱུགས་ལེན་བྱ་ཡུལ་དུ་བསྐྱོད་དེ་རྒྱུགས་ལེན་ལས་དོན་ལ་སྐོར་ཞིབ་གནང་བ་རེད།
རྒྱུགས་ལེན་ལས་དོན་ལ་སྐོར་ཞིབ་བྱེད་རིང་རྒོད་སྐྱེས་ཀྱིས་རྒྱུགས་ལེན་རྟེན་གཞི་ཁག་གི་ཡིག་རྒྱུགས་རིང་གི་རྒྱུགས་ལེན་དོ་དམ་དོན་འཁྱོལ་ཞིབ་ཕྲ་བྱས་ཚུལ་ཁྱོན་ཡོངས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། རྒྱུགས་ལེན་རྟེན་གཞིར་ཟབ་འཇུག་བྱས་ནས་ལག་ལེན་རྩལ་ནུས་ཀྱི་རྒྱུཊ་ལེན་བརྒྱུད་རིམ་ལ་ལྟ་ཞིབ་བྱས་པ་དང་། རྒྱུགས་ལེན་གྱི་གསང་སྲུང་དོ་དམ་དང་། རྒྱུགས་ལེན་ལས་དོན་སྒྲིག་འཛུགས། རྒྱུགས་ལེན་སྐོར་ཞིབ་ལྟ་སྐུལ་སོགས་ལ་མཛུབ་ཁྲིད་ཞིབ་ཕྲ་བྱས་པ་རེད། ཁོང་གིས་ལག་ལེན་རྩལ་ནུས་རྒྱུགས་ལེན་གྱི་དུས་ཡུན་རིང་བ་དང་། རིགས་མང་བ། ལྷུ་ཚིགས་རྙོག་འཛིང་ཆེ་བ། རྒྱུགས་ལེན་ས་ཚིགས་དང་རྒྱུགས་ལེན་རྟེན་གཞིས་རྒྱུགས་ལེན་ལས་དོན་གྱི་དོ་དམ་ལས་དོན་དོན་འཁྱོལ་ནན་ཏན་དང་། བཀོད་སྒྲིག་ཞིབ་ཚགས་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུགས་ལེན་བདེ་བླག་དང་བརྟན་ལྷིང་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་པ་སངས་ཀྱིས་འདི་ལོའི་རྒྱལ་ཁབ་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ཡིག་རྒྱུགས་ནི་གཙོ་བོ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་བཅས་གསུམ་དུ་སྤེལ་བ་དང་། གསོ་རིག་རིགས་ཀྱི་ནད་ཐོག་གསོ་རིག་དང་། སྤྱི་པའི་འཕྲོད་བསྟེན་ཆེད་ལས། ཀྲུང་ལུགས་གསོ་རིག བོད་ལུགས་གསོ་རིག ཁ་སྦུག་རིགས་བཅས་ཆེད་ལས་ལྔ་དང་འབྲེལ་བ་ཡོད་པས་རྒྱུགས་སྤྲོད་སློབ་མ་ཁྱོན་1531ཡོད། ལག་ལེན་རྩལ་ནུས་ཀྱི་ཡིག་རྒྱུགས་དེ་ཟླ་6ཚེས་15ནས་ཟླ་6ཚེས་28ཉིན་བར་སྤེལ་རྒྱུ་དང་། རྒྱུགས་ཚད་ལོན་པའི་རྒྱུགས་སྤྲོད་སློབ་མ་ཟླ་8པ་དང་ཟླ་11པར་སྒྲིག་འཛུགས་བྱས་པའི་སྨན་པ་དཀའ་བཅུ་པའི་རིགས་པའི་གཞུང་ལུགས་ཀྱི་ཡིག་རྒྱུགས་ནང་ཞུགས་ཆོག་ཅེས་བཤད།
གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐེངས་འདིའི་རྒྱུགས་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ལྷ་སའི་རྒྱུགས་ལེན་ས་ཚིགས་ཀྱི་རྒྱལ་ཡོངས་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ལེན་རྩལ་ནུས་རྒྱུགས་ལེན་ལས་དོན་ཡག་པོ་སྒྲུབ་ཆེད། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱིས་ཆེད་མངགས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། གཞུང་ལས་ཁང་བཙུགས་པ། ཆེད་མངགས་འགན་འཁུར་མཁན་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།དེ་དང་ཆབས་ཅིག་རང་གྲོང་གིས་ད་དུང་2024ལོའི་རྒྱལ་ཡོངས་ཀྱི་སྨན་པ་དཀའ་བཅུ་པའི་ཐོབ་ཐང་ལག་ལེན་རྩལ་ནུས་རྒྱུགས་ལེན་ལྷ་སའི་རྒྱུགས་ལེན་ས་ཚིགས་ཀྱི་རྒྱུགས་ལེན་མ་བྱས་གོང་གི་རྒྱུགས་ལེན་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་རྒྱུགས་ལེན་ལས་དོན་ཁག་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་པ་དང་འབྲེལ་རྟེན་གཞི་ཁག་དང་བདེ་འཇགས་གསང་སྲུང་གི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་རེད། (སྟོབས་རྒྱལ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社