分享按钮

རང་གྲོང་གི་ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་རིག་གནས་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་14ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་དང་།རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག གྲོང་ཁྱེར་ཞིབ་དཔྱོད་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག“རིག་གནས་དང་ཁྲིམས་ལུགས་ཁྱབ་གདལ་དང་མཉམ་དུ་ཞི་མཐུན་སྐྲུན་པ”ཞེས་པའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ནི་ཝ་པ་གླིང་སྤྱི་གླིང་དུ་སྤེལ་ཞིང་། ཚོང་པ་དང་གྲོང་མི་མང་པོ་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། བྱེད་སྒོའི་དམིགས་ཡུལ་ནི་སྤྱི་དམངས་ཀྱིས་རིག་གནས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ངོས་འཛིན་དང་བརྩི་སྲུང་ཞུ་བའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། བྱེད་སྒོ་སྤེལ་ཡུལ་དུ། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གི་ལས་དོན་མི་སྣས་ཐུན་མོང་ཐོག་གྲོང་མི་རྣམས་ལ་འབྲེལ་ཡོད་རིག་གནས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། གྱོད་དཔེ་དབྱེ་ཞིབ་དང་མཉམ་འགུལ་དྲིས་ལན་བཏང་བ་བརྒྱུད་བཅའ་ཁྲིམས་ཀྱི་དོན་ཚན་གསོན་ཉམས་དོད་པོར་གྱུར་ནས་གྲོང་མི་ཚོས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་དུ་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་སློབ་སྦྱོང་ཐུབ་པ་བྱུང་ཡོད།

གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ། ད་དུང་བློ་འདྲིའི་སྟེགས་བུ་དང་ལག་ཁྱེར་གཉེར་བའི་སྟེགས་བུ་བཙུགས་ནས་ཁྲིམས་འཛིན་མི་སྣ་དང་དཔེ་མཛོད་ཁང་གི་ལས་དོན་མི་སྣས་རིན་པ་མི་དགོས་པའི་གཅིག་གཏད་གཅིག་གི་བློ་འདྲི་དང་ཀློག་པ་པོའི་ལག་ཁྱེར་གཉེར་བ། དཔེ་དེབ་གཡར་རྒྱུ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། ཞབས་ཞུའི་བྱ་ཐབས་དེར་གྲོང་མིས་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

ཐེངས་འདིར་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་དེས་གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། ཁྲིམས་སྐྱོང་རིག་གནས་འཛུཊ་སྐྱོང་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད། གྲོང་ཁྱེར་དཔེ་མཛོད་ཁང་ནི་སྤྱི་པའི་རིག་གནས་ཞབས་ཞུའི་གནས་ཡུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རིག་གནས་ཁྲོམ་རའི་ཕྱོཊ་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་དང་དེ་བཞིན་གྲོང་ཁྱེར་ཞིབ་དཔྱོད་དང་མཉམ་ལས་བྱས་པ་དེས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ཁྲོད་སྤྱི་པའི་ཞབས་ཞུའི་སྒྲིག་གཞིར་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་བྱས་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182806.html 1 རང་གྲོང་གི་ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་རིག་གནས་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ། /enpproperty-->