分享按钮

རང་ལྗོངས་ཀྱིས་གསོ་རླུང་སྒྲིག་ཆས་དང་བདེ་ཐང་ཐོན་ལས་ ཆེ་གྲས་ཀྱི་འགྲེམས་སྟོན་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་15ཉིན།2024ལོའི་བོད་ལྗོངས་ཀྱི་སྨན་བཅོས་དང་།སྨན་རྫས།ཁ་སྦུག གསོ་རླུང་བཅས་དང་དེ་བཞིན་བདེ་ཐང་ཐོན་ལས་ཆེ་གྲས་ཀྱི་འགྲེམས་སྟོན་ཚོགས་འདུ་སྐབས་ལྔ་པ་བོད་རང་སྐྱོང་ལྗོངས་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ཚོགས་འདུའི་ཐོག་གོ་ལ་ཧྲིལ་པོའི་སྨན་བཅོས་བདེ་ཐང་ཐོན་ལས་ཀྱི་ཁེ་ལས་དང་རིགས་གཅིག་མཁས་ཅན་རྩེ་གྲ་འཛོམས་ནས་སྨན་བཅོས་བདེ་ཐང་ཁྱབ་ཁོངས་ཀྱི་ཚོགས་འདུ་གཟབ་རྒྱས་དེར་མཉམ་དུ་དཔང་པོ་བྱས་ཡོད། ཐེངས་འདིའི་འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་།“གསར་གཏོད་སྣེ་ཁྲིད་དང་བདེ་ཐང་གི་བོད་ལྗོངས”ཞེས་པ་གཙོ་དོན་དུ་བྱས་ནས་སྨན་བཅོས་ཡོ་བྱད་དང་། སྨན་རྫས་ཐོན་རྫས། ཁ་སྦུག་བདེ་ཐང་ཐོན་རྫས། གསོ་རླུང་སྒྲིག་ཆས། དེ་བཞིན་བདེ་ཐང་ཐོན་ལས་ཆེ་གྲས་ཀྱི་འབྲེལ་ཡོད་ཐོན་རྫས་དང་ཞབས་ཞུ་གསར་ཤོས་འགྲེམས་སྟོན་བྱས་པ་བརྒྱུད།བོད་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་སྨན་བཅོས་བདེ་ཐང་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བདེ་ཐང་ཐད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན་པ་རེད། དེ་དང་ཆབས་ཅིག་ལས་རིགས་ནང་གི་ཆེད་ལས་པ་དང་སྤྱི་དམངས་དཀྱུས་མ་ཚོར་སྤེལ་རེས་དང་། སློབ་སྦྱོང་། ཉམས་ལེན་བཅས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཡོད།

སྨན་བཅོས་བདེ་ཐང་ཐོན་ལས་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་གལ་ཆེན་ཞིག་ཡིན་ལ།དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ཐེངས་འདིའི་འགྲེམས་སྟོན་ནི་བོད་ཀྱི་སྨན་བཅོས་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་པས། བོད་ཀྱི་སྨན་བཅོས་བདེ་ཐང་ཐོན་ལས་ལ་གསོན་ཤུགས་གསར་པ་བསྣན་ནས་ལྗོངས་ཕྱི་ནང་གི་ཁེ་ལས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ལྷ་ས་གྲོང་ཁྱེར་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད། འགྲེམས་སྟོན་ཁུལ་དུ་སྨན་བཅོས་ཡོ་བྱད་དང་། སྨན་རྫས་ཐོན་རྫས། ཁ་སྦུག་བདེ་ཐང་ཐོན་རྫས། གསོ་རླུང་སྒྲིག་ཆས། དེ་བཞིན་བདེ་ཐང་ཐོན་ལས་ཆེ་གྲས་ཀྱི་འབྲེལ་ཡོད་ལག་རྩལ་དང་ཞབས་ཞུ་བཅས་ལས་ལྟད་མོ་བ་དང་འཛད་སྤྱོད་པའི་ཡིད་དབང་འཕྲོག་ཡོད། འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་ཚོས་ཁོང་ཚོའི་གྲུབ་འབྲས་གསར་ཤོས་དང་གསར་གཏོད་ལག་རྩལ་འགྲེམས་སྟོན་བྱས་པ་ལས་མི་རྣམས་ཀྱིས་སྨན་བཅོས་བདེ་ཐང་ཐོན་ལས་ཀྱི་འབྱུང་འགྱུར་ལ་རེ་སྒུག་གིས་ཁེངས་ཡོད་ཅེས་བཤད། ཐེངས་འདིའི་འགྲེམས་སྟོན་ཚོགས་འདུའི་ཐོག་བོད་ཀྱི་སྨན་བཅོས་བདེ་ཐང་ཐོན་ལས་ལ་འགྲེམས་སྟོན་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད། གོ་ལ་ཧྲིལ་པོའི་སྨན་བཅོས་བདེ་ཐང་ཐོན་ལས་ཀྱི་མཉམ་ལས་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

ཐེངས་འདིའི་འགྲེམས་སྟོན་དེ་རིན་མེད་ངང་ཕྱི་ཕྱོགས་སུ་ཉིན་གསུམ་སྒོ་ཕྱེ་རྒྱུ་ཡིན་པ་རེད། འགྲེམས་སྟོན་ལ་ལྟ་མཁན་གྲོང་མི་ཨན་ཆེ་གེ་མོས་འགྲེམས་སྟོན་དེ་ཡག་པོ་གཉེར་འདུག གང་ལགས་ཤེ་ན། མིག་སྔར་མི་འབོར་རྒན་རྒོན་ཅན་དུ་འགྱུར་བ་དང་ན་གཞོན་ལ་དལ་བའི་རང་བཞིན་གྱི་ནད་ཕོག་ཚད་མང་དུ་ཕྱིན་པ་ནི་སྤྱི་ཚོགས་ཧྲིལ་པོའི་དཀའ་གནད་ཅིག་ཡིན། ལྷ་སའི་མི་དམངས་ཀྱི་ངོས་ནས་བརྗོད་ན། འཚོ་བའི་ཆ་རྐྱེན་ཡག་ཏུ་ཕྱིན་རུང་གསོ་རླུང་འདང་གི་མེད། ཉེ་ཆར་གསོ་རླུང་བཟོ་བྱེད་ཀྱི་འཕྲུལ་ཆས་མང་པོ་ཞིག་ཁྲོམ་རར་བཏོན་ཡོད་པས། འཕྲུལ་ཆས་དེ་དག་གིས་མཚོ་བོད་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་ཐུབ་པ་དང་མི་མང་པོ་ཞིག་ལ་ཕན་པ་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།

འགྲེམས་སྟོན་ཕུད།ཐེངས་འདིའི་འགྲེམས་སྟོན་ཚོགས་འདུའི་ཐོག་ད་དུང་ཆེད་དོན་གླེང་སྟེགས་དང་། ལག་རྩལ་སྤེལ་རེས་། ཐོན་རྫས་གསར་པ་ཡོངས་བསྒྲགས་སོགས་ཀྱི་བྱེད་སྒོ་མང་པོ་སྤེལ་ཡོད་པ་རེད། བྱེད་སྒོ་དེ་དག་སྤེལ་བ་ལས་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་དང་གྲོང་མི་མང་ཚོགས་ལ་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་མཁོ་འདོན་བྱས་པར་མ་ཟད། སྨན་བཅོས་བདེ་ཐང་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་འགྲེམས་སྟོན་ཚོགས་འདུའི་ཐོག་ད་དུང་ལས་རིགས་ནང་ཁུལ་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་པོ་གདན་དྲངས་ནས་སྨན་བཅོས་བདེ་ཐང་ཐོན་ལས་ཀྱི་འཕེལ་ཕྱོགས་གསར་ཤོས་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐད་གྲོས་བསྡུར་གཏིང་ཟབ་བྱས་ཡོད།

ཐེངས་འདིའི་འགྲེམས་སྟོན་ཚོགས་འདུའི་ཐོག ད་དུང་ས་མཐོའི་ཁུལ་གྱི་སྨན་བཅོས་བདེ་ཐང་གནད་དོན་ལ་དམིགས་བསལ་གྱི་དོ་ཁུར་བྱས་ཡོད། ས་མཐོའི་ཁུལ་གྱི་དམིགས་བསལ་གནམ་གཤིས་དང་ས་ཁམས་ཁོར་ཡུག་ལ་དམིགས་ཏེ།འགྲེམས་སྟོན་ཚོགས་འདུའི་ཐོག་གསོ་རླུང་སྒྲིག་ཆས་འགྲེམས་སྟོན་ཁུལ་དམིགས་སུ་བཙུགས་ནས་ས་མཐོའི་ཁུལ་གྱི་གྲོང་མིར་དེ་བས་སྟབས་བདེ་དང་ནུས་ཆེའི་སྨན་བཅོས་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182803.html 1 རང་ལྗོངས་ཀྱིས་གསོ་རླུང་སྒྲིག་ཆས་དང་བདེ་ཐང་ཐོན་ལས་ ཆེ་གྲས་ཀྱི་འགྲེམས་སྟོན་ཚོགས་འདུ་འཚོགས་པ། /enpproperty-->