分享按钮

ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་གྲྭའི་བདེ་འཇགས་འགོག་སྲུང་གི་འཛིང་རགས་བརྟན་དུ་བཏང་བ།

ད་ལོའི་ཟླ་6པ་ནི་རྒྱལ་ཡོངས་ཀྱི“བདེ་འཇགས་ཐོན་སྐྱེད་ཟླ་བ”ཨང་23པ་ཡིན་ཞིང་། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས“མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་ཀུན་གྱིས་འཕྲལ་སྡོམ་ཤེས་པ།ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད”པའི་རྒྱལ་ཡོངས་ཀྱི“ཐོན་སྐྱེད་བདེ་འཇགས་ཟླ་བ”ཞེས་པའི་གཙོ་དོན་ལ་དམིགས་ནས་སློབ་གྲྭ་དང་ལས་ཁུངས་ནང་བདེ་འཇགས་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་བའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

ཟླ་6ཚེས་13ཉིན་གྱི་སྔ་དྲོ། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་རུ་མི་གདན་དྲངས་ནས་ལས་བྱེད་པར་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་དང་མེ་ཟོན་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད། ནང་སྦྱོང་དེ“རིགས་པའི་གཞུང་ལུགས་དང་ལག་ལེན”ཟུང་འབྲེལ་གྱི་བྱ་ཐབས་སྤྱད་ཅིང་། མེ་ཟོན་རུ་མི་ཚོས་མེ་གསོད་འཕྲུལ་ཆས་བེད་སྤྱོད་བྱེད་སྟངས་དང་དེ་བཞིན་མེ་སྐྱོན་ཁྲོད་སྲོག་ཉེན་ལས་ཐར་བའི་གཞི་རྩའི་གནད་འགག་འགྲེལ་བཤད་བརྒྱབ་པ་རེད། ལད་ཟློས་མེ་སྐྱོན་ཁྲོད་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་དངོས་སྦྱོང་གི་ནང་སྦྱོང་ཁྲོད་ལས་བྱེད་པ་དང་ལས་བཟོ་པས་མེ་སྐྱོན་ཁྲོད་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་འགག་རྩའི་རྩལ་ནུས་ཁོང་དུ་ཆུད་པར་མ་ཟད། གློ་བུར་དུ་བྱུང་བའི་མེ་སྐྱོན་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་ཡོད།དེ་དང་ཆབས་ཅིག་ཚང་མས་ད་དུང་མེ་གསོད་རོཊ་སྐྱོབ་རླངས་འཁོར་ལ་ལྟ་སྐོར་བྱས་ནས་མེ་གསོད་རླངས་འཁོར་དང་དེའི་ཡོ་བྱད་དང་སྒྲིག་ཆས་རྒྱུས་མངའ་དང་།མེ་གསོད་རོགས་སྐྱོབ་དང་ཉེན་སྐྱོབ་རོགས་སྐྱོབ་ཁྲོད་ཐོན་པའི་ནུས་པ་ཤེས་རྟོགས་བྱས་པ་རེད།

ཟླ་6ཚེས་14ཉིན། ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་བདེ་འཇགས་དྲིལ་བསྒྲགས་ཀྱི་ཤེས་བྱ་སློབ་རའི་ནང་ཁྱབ་པར་བྱས་པ་རེད། ལྷ་སའི་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་ཚོགས་ཁང་དུ་སྣ་མང་ཕུན་སུམ་ཚོགས་པའི་བདེ་འཇགས་ཤེས་བྱའི་འཆད་ཁྲིད་ལ་དགེ་སློབ་མང་པོས་དགའ་བསུ་ཐོབ་ཅིང་། འཆད་ཁྲིད་ཀྱི་ནང་དོན་ཁྲོད། སློབ་ཐོན་འཛིན་གྲྭའི་སློབ་མ་སློབ་གྲྭ་དང་ཁ་བྲལ་རྗེས་ཀྱི་བདེ་འཇགས་སློབ་གསོ་དང་། ཆུར་ནུབ་འགོག་པའི་བདེ་འཇགས། མེ་ཟོན་གྱི་བདེ་འཇགས། འགོས་ནད་སྔོན་འགོག བཟའ་བཅའི་བདེ་འཇགས། འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། འཆད་ཁྲིད་དགེ་རྒན་ཚོས་གསོན་ཉམས་དོད་པའི་གྱོད་དཔེ་དང་འབྲེལ་ནས་དབྱེ་ཞིབ་གཏིང་ཟབ་པ་དང་། དེ་བཞིན་གོ་ཆོད་ཀྱི་སྔོན་འགོག་བྱ་ཐབས་བཅས་བརྒྱུད་ནས་དགེ་སློབ་ཚོར་ངོ་མཚར་ཆེ་བའི་བདེ་འཇགས་སྐོར་གྱི་སློབ་ཚན་ཞིག་ཁྲིད་ཡོད། སློབ་མ་ཚོས་སྐབས་འགར་མགོ་བསྒུར་ནས་བསམ་བློ་གཏོང་བ་དང་སྐབས་འགར་ལག་པ་ཡར་བཀྱགས་ནས་དྲི་བ་འདོན་པ་བཅས་ཀྱི་སྒོ་ནས་ཡུལ་དངོས་སུ་ཕན་ཚུན་སྤེལ་རེས་ཀྱི་རྣམ་པ་འཁྲུག་ཆ་དོད་ཅིང་སྤྲོ་སེམས་འཁོལ་བ་ཞིག་ཏུ་གྱུར་ཡོད།

ལྷ་སའི་ཀོང་ཤིས་མཛའ་གྲོགས་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཝུའུ་ཧྲུའུ་ཁྲུང་གིས་ད་ཐེངས་ཀྱི་འཆད་ཁྲིད་ལས་ང་ཚོའི་སློབ་མས་སློབ་སྦྱོང་དང་ལག་ལེན་བརྒྱུད་ནས་བདེ་འཇགས་ཀྱི་འདུ་ཤེས་དང་འཕྲལ་སྡོམ་གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། སློབ་གྲྭས་སྔར་རྒྱུན་བཞིན་སློབ་མའི་བདེ་འཇགས་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ནས་ཕྲུ་གུ་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།

ལྷ་ས་སློབ་འབྲིང་བཞི་པའི་སློབ་མ་བདེ་གཡང་གིས་སློབ་གྲྭས་སྤེལ་བའི་བདེ་འཇགས་ཤེས་བྱའི་འཆད་ཁྲིད་ལས་ང་ལ་ཕན་པ་ཆེན་པོ་ཐོབ་བྱུང་ལ་ཆུར་ནུབ་པའི་བདེ་འཇགས་འགོག་སྲུང་གི་འཆད་ཁྲིད་ཧ་ཅང་ཞིབ་ཚགས་པོ་འདུག སླད་ཕྱིན་ཕྱི་རོལ་དུ་བྱེད་སྒོ་སྤེལ་སྐབས་ངས་རང་ཉིད་ཀྱི་བདེ་འཇགས་ལ་དེ་བས་དོ་སྣང་བྱེད་ཀྱི་ཡིན། དུས་མཚུངས་སུ་ངས་ཉེ་འགྲམ་གྱི་གཅུང་པོ་དང་གཅུང་མོ་ཚོར་ཆུར་ནུབ་པའི་བདེ་འཇགས་འགོག་སྲུང་གི་ཤེས་བྱ་འགྲེལ་བཤད་བྱས་ནས་ཁོ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཀྱང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

ཁྲེང་ཀོན་ཆུས་སློབ་གསོ་ཅུས་བདེ་འཇགས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་སྒྲོལ་དཀར་གྱིས་གསར་འགོད་པར་ཟླ་6པ་ནི་ཁྲེང་ཀོན་ཆུས་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོན་སྐྱེད་བདེ་འཇགས་དྲིལ་བསྒྲགས་ཁྱོན་ཡོངས་ནས་སྤེལ་བའི་གཙོ་དོན་ཟླ་བ་ཞིག་ཡིན། ང་ཚོས་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ནས་བདེ་འཇགས་ཤེས་བྱ་འཛིན་གྲྭ་དང་སློབ་མ་རེ་རེའི་ཁྲོད་དུ་ཁྱབ་པར་རེ་བ་བྱེད་ཀྱི་ཡོད། སླད་ཕྱིན། ང་ཚོས་རྒྱུན་གཏན་ལྟར་བདེ་འཇཊ་སློབ་གསོ་སློབ་གྲྭ་དང་སློབ་ཚན་ཁྲོད་ཁྱབ་པའི་བྱེད་སྒོ་སྤེལ་ནས་བདེ་འཇགས་སློབ་གསོ་དེ་སློབ་ཚན་དང་ཞིབ་ཕྲའི་སློབ་ཁྲིད་ཁྲོད་ཁྱབ་ཐུབ་པར་བྱས་ཏེ་མི་ཚང་མས་བདེ་འཇགས་ལ་མཐོང་ཆེན་དང་ཀུན་གྱིས་འཕྲལ་སྡོམ་ཤེས་པར་བྱས་ནས་ཏན་ཏིག་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཁྲེང་ཀོན་ཆུས་ཀྱི་སློབ་གསོའི་ཁོངས་གཏོགས་མུ་མཐུད་བདེ་འཇགས་དང་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 6 6 拉萨日报藏文 c182798.html 1 ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་དྲིལ་བསྒྲགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སློབ་གྲྭའི་བདེ་འཇགས་འགོག་སྲུང་གི་འཛིང་རགས་བརྟན་དུ་བཏང་བ། /enpproperty-->