ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་15ཉིན་གྱི་དགོང་མོ། སྟོད་ལུང་བདེ་ཆེན་གྱི་མཚན་ཁྲོམ་དེ་ཚ་ཚ་འུར་འུར་ངང་ལས་གཉེར་བྱེད་འགོ་ཚུགས་པ་དང་།སྟོད་ལུང་བདེ་ཆེན་ཆུས་ཀྱི་མཚན་མོའི་འཚོ་བར་འཕྲལ་མར་འཕོ་འགྱུར་བྱུང་ཡོད། རིམ་སྤོར་བྱས་རྗེས་ཀྱི་སྟོད་ལུང་བདེ་ཆེན་གྱི་མཚན་ཁྲོམ་གྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་།ལས་རྣམ་འཆར་འགོད་དེ་བས་ཕུན་སུམ་ཚོགས་སུ་དང་ལུགས་མཐུན་བྱུང་བར་མ་ཟད། བོད་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
མཚན་མོའི་ཁྲོམ་རར་སླེབས་དུས་ཁྲོམ་རའི་འགོ་ཚུགས་འཁྲབ་སྟོན་བྱེད་བཞིན་ཡོད་པ་དང་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཡོད་པ་དང་ངོ་མཚར་ཆེ་བའི་ལེ་ཚན་དེར་གྲོང་མི་མང་ཚོགས་ཀྱིས་དགའ་པོ་བྱེད་བཞིན་ཡོད་པས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དེ་ནས་ཁྲོམ་རའི་ནང་མུ་མཐུད་སོང་ཚེ། ཁྲོམ་བཀྱག་མི་ཉུང་བ་ཞིག་གི་མདུན་དུ་ཟ་མ་ཟ་མཁན་མང་པོ་ཡོད། ཉ་ཤ་དང་། ལུག་ཤ ཤ་སྨི་སོགས་བསྲེགས་མ་དང་སིལ་ཟས་སྣ་ཚོགས་ཡོད་པས་མཚན་མོའི་ཁྲོམ་རའི་ཁྲོམ་གཞུང་ཧྲིལ་པོར་ཟས་རིགས་འདྲ་མིན་སྣ་ཚོགས་ཀྱི་ཁེངས་ཡོད་ལ། ཁྲོམ་བཀྱག་གི་སྦྱིན་བདག་ཚོས་བྱང་ཆུབ་པའི་རྩལ་ནུས་ལ་བརྟེན་ནས་ཞིམ་ཟས་རེ་རེ་བཞིན་གཡོས་སྦྱོར་བྱེད་ཀྱི་ཡོད་པ་དང་གཡོས་སྦྱོར་བྱེད་པའི་དྲི་ཞིམ་མཚན་མོའི་ཁྲོམ་ར་ཧྲིལ་པོ་ཐུལ་བཞིན་ཡོད།
ཚོང་དུད་ཀྱི་སྦྱིན་བདག་ཚའེ་པི་དབྱི་ཡིས་མ་གཞི་དེ་རིང་ཚོང་སྒོ་ཕྱེ་མ་ཐག་ཡིན་རུང་ཚོང་ཡག་པོ་འདུག ང་ཚོར་ཚོང་ཟོག་རིགས་ཧ་ཅང་མང་པོ་ཡོད་པས་སྐུ་མགྲོན་མང་པོས་དགའ་པོ་བྱེད་ཀྱི་འདུག་ལ་དེ་རིང་ཚོང་ཡང་ཡག་པོ་འདུག་ཅེས་བཤད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན།སྟོད་ལུང་བདེ་ཆེན་མཚན་ཁྲོམ་གྱི་ལས་རྣམ་ནང་ཟས་མཆོག་དང་།ཞོར་ཟས།རིག་གནས་གསར་གཏོད་ཀྱི་དངོས་པོ། སྤྲོ་གསེང་རོལ་རྩེད་སོགས་ཚུད་ཡོད། ཐེངས་འདིའི་མཚན་ལྗོངས་གཙོ་དོན་མཚན་ཁྲོམ་བསྐྱར་སྐྲུན་བྱས་པ་དེས་དེ་སྔའི་གཞི་རྒྱུ་སོར་འཇོག་བྱས་པར་མ་ཟད།ད་དུང་ཚོར་བ་གསར་པ་ཞིག་ཀྱང་སྦྱིན་བཞིན་ཡོད་ལ། ཐུན་མོང་མ་ཡིན་པའི་གསར་གཏོད་རང་བཞིན་གྱི་ཟས་རིགས་ནས་ལག་ཤེས་བཟོ་རྩལ་ཐོན་རྫས་བར་མདོར་ན་གྲུ་ཟུར་ཚང་མར་སྤྲོ་སྣང་གིས་ཁེངས་ཡོད། གྲོང་མི་ཨ་ཅག་ལུའུ་ལགས་ཀྱིས་དགོང་མོ་གྲོགས་མོ་དང་མཉམ་དུ་ཕྱིར་ཟ་མ་ཟ་བར་ཡོང་སྐབས་རླུང་བུ་བསིལ་བསིལ་ལྡང་བས་ཧ་ཅང་སྐྱིད་པོ་འདུག འདི་གར་ཟ་མ་ཡག་པོ་ཡོད་པས་ཚང་མར་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད།
རིམ་སྤོར་སྒྱུར་བཀོད་བྱས་རྗེས་ཀྱི་སྟོད་ལུང་མཚན་ལྗོངས་གཙོ་དོན་མཚན་ཁྲོམ་དེ་བཀྲག་མདངས་འཚེར་ས་དང་།ཚོང་དུད་ཀྱི་ཁྲོམ་བཀྱག ཡུལ་དངོས་ཀྱི་དངོས་པོའི་སྒྲིག་འགོད་སོགས་ཀྱི་ཐད་ནས་ཁྱད་ལྡན་གསར་གཏོད་དང་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉམས་འགྱུར་མངོན་གསལ་དོད་དུ་འགྲོ་རྒྱུ་ཟད། མཚན་ཁྲོམ་དེས་འཛད་སྤྱོད་པའི་དགོས་མཁོ་མུ་མཐུད་སྐོང་རྒྱུ་གཙོ་བོར་བཟུང་སྟེ།རིག་གནས་ཀྱི་ནང་དོན་དང་ལེ་ལག་ཚང་བའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། གྲོང་མིའི་ཉམས་ལེན་དང་བདེ་འཇགས་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བྲོ་བ་ཞིམ་པོའི་ཁྲོད་ཤེས་དཔལ་གྱི་དར་སྲོལ་གསར་པ་ཞིག་ཆགས་པར་བྱ་རྒྱུ་ཡིན་པ་རེད།
སྟོད་ལུང་མཚན་ལྗོངས་གཙོ་དོན་མཚན་ཁྲོམ་རིམ་སྤོར་སྒྱུར་བཀོད་བྱས་པ་དང་། མཚན་ཁྲོམ་གནས་ཡུལ་ནི་གདོང་དཀར་ཁྲོམ་གཞུང་ནམ་མཁའ་གསེར་མདོག་ཁྲོམ་ལམ་དུ་གནས་ཡོད་པ་དང་། ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་8000ལྷག་ཙམ་ཟིན་པ་དང་། ཚོང་དུད་40ལྷག་ཙམ་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས(ཚོང་དོན་ཅུས)ཀྱི་ཅུས་ཀྲང་གཞོན་པ་ཏོན་ཤིས་ཅོན་གྱིས་མིག་སྔར་རིམ་པ་གཉིས་པའི་ལས་གྲྭ་རིམ་བཞིན་སྐྲུན་བཞིན་ཡོད་པ་དང་། མཚན་མོའི་ཡུལ་སྐོར་དང་། མཚན་མོའི་གསོལ་སྟོན། མཚན་མོའི་ཉོ་སྒྲུབ་སོགས་སྤྱི་ཡོངས་ཀྱི་འཛད་སྤྱོད་ཁུལ་རབ་དང་རིམ་པ་བསྐྲུན་ནས་གྲོང་མི་མང་ཚོགས་ལ་འཛད་སྤྱོད་ཀྱི་ཉམས་ལེན་གསར་རྐྱང་ཞིག་བསྐྲུན་ཏེ་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་དར་རྒྱས་སུ་གཏོང་རྒྱུ་ཡིན་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社