(པར་ངོས་དང་པོར་མཐུད)བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་།ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་གཏོང་བ།བྱེད་ཐབས་ཁག་ལ་ཤུགས་སྣོན་རྒྱག་པ།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་ཁུལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་འབད་བརྩོན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ཏན་ཏིག་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཀྲའོ་ཧུའེ་ཉན་དང་བཅས་པ་སྔ་རྗེས་སུ་ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པ་དང་།བར་སྐོར་ཁྲོམ་གཞུང་།བོད་སྡོད་ཆིང་སྲིད་གཞུང་གི་བློན་ཆེན་ཡ་མོན་གྱི་གནས་ཡུལ་རྙིང་པའི་འགྲེམས་སྟོན་ཁང་།ལྷ་ས་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སྒོར་ར་ཆེན་པོ་སྟེ།བླ་བྲང་རྙིང་པ་རྟ་ར་སྒོར་ར་ཆེན་པོ་དང་ཀླུ་སྒུག་སྡེ་ཁུལ་སོགས་སུ་ཕེབས་ནས་ཡུལ་དངོས་སུ་ལྟ་ཞིབ་དང་སྙན་ཞུ་གསན་པ་སོགས་ཀྱི་བྱ་ཐབས་བརྒྱུད་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི་སྤྱིའི་བླང་བྱ་གཞིར་བཟུང་།སྐྱོད་པ་དགུའི་ལས་གཞི་ལག་བསྟར་བྱ་རྒྱུ་དེ་དམ་འཛིན་བྱ་གཞིར་བྱེད་པ་དང་།གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱེད་པ། དྲ་རྒྱ་དང་ཟུང་འབྲེལ་གྱི་བཅོས་སྐྱོང་བྱེད་སྟངས་བེད་སྤྱོད་ནུས་ལྡན་བྱེད་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོ་སོགས་གཙོ་གནད་ལས་དོན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།ཁྱད་ཆོས་དང་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྲ་ཤུགས་ཆེ་ཤོས་བརྒྱུད་སྤྲོད་བྱེད་པ།མཐོང་རྒྱུ་ཡོད་པ་དང་།ཚོར་རྒྱུ་ཡོད་པ།ཕན་ནུས་ཡོད་པ་བཅས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པ་བཅས་བྱས་ཏེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་གསུངས་པ་རེད།
ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པར་ཀྲའོ་ཧུའེ་ཉན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་།རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ངའི་ཀྲུང་ཧྭ་ལ་དགའ་བའི་ས་བོན་ཕྲུ་གུ་ཚང་མའི་སེམས་ཁམས་སུ་བཏབ་ནས་ལས་དོན་ཁག་གཏིང་ཟབ་དང་ཞིབ་ཚགས་ཏན་ཏིག་བསྒྲུབས་ཏེ།རང་རང་གི་ཁྱད་ཆོས་ལྡན་པ་དང་ངོ་མཚར་ཆེ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་སློབ་གསོ་དང་དཔེ་སྟོན་གསར་གཏོད་ཀྱི་རྣམ་པ་ཞིག་ཆགས་སུ་འཇུག་དགོས་པའི་ནན་གསུངས་གནང་བ་རེད།
གཞི་རིམ་གྱི་ཚན་པའི་གསར་གཏོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཀྲའོ་ཧུའེ་ཉན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།ལས་ཀའི་འགན་འཁྲི་དམ་དུ་གཏོང་བ།ཁོར་ཡུག་ཟབ་མོ་གཏོད་པ།རྒྱུན་རྣམ་དང་ཕུགས་ཕན་ཡོང་བ་བཅས་བྱེད་དགོས་པ་དང་།སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་གསར་གཏོད་ལས་དོན་ནང་འདྲེས་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་།གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ལས་ཆོད་ཆེ་ལ་སྤུས་ཚད་མཐོ་བའི་སྒོ་ནས་གསར་གཏོད་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་གདོང་དམག་ཡག་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社