分享按钮

རང་རྒྱལ་གྱི་ལོ་3མན་གྱི་ཕྲུ་གུ་དམར་འབྱར་གྱི་ཁྱིམ་ཚང་ལ་བུ་བཅོལ་གྱི་དགོས་མཁོ་ཡོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ།རང་རྒྱལ་དུ་ད་ཆ་ལོ་3མན་གྱི་ཕྲུ་གུ་དམར་འབྱར་ཁྲི་3000ཙམ་ཡོད་པ་དང་།བརྟག་དཔྱད་ལས་མངོན་པར།ཕྲུ་གུ་དམར་འབྱར་གྱི་ཁྱིམ་ཚང་བཅུ་ཆ་གསུམ་ཡན་ལ་བུ་བཅོལ་གྱི་དགོས་མཁོ་ཡོད་པ་རེད།དེ་ནི་ཚེས་15ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་མི་འབོར་ལྟ་ཞིབ་ཚད་ལེན་དང་ཁྱིམ་ཚང་འཕེལ་རྒྱས་སིའི་སི་ཀྲང་དབྱང་ཝུན་ཀྲོང་གིས་ཁྲང་ཧྲ་རུ་འཚོགས་པའི་2024ལོའི་རྒྱལ་ཡོངས་ཀྱི་བུ་གསོའི་ཞབས་ཞུའི་དྲིལ་བསྒྲགས་ཟླ་བ་འགོ་ཚུགས་པའི་མཛད་སྒོའི་ཐོག་ངོ་སྤྲོད་བྱས་པ་ཞིག་རེད།

འདི་ལོའི་རྒྱལ་ཡོངས་ཀྱི་བུ་གསོའི་ཞབས་ཞུའི་དྲིལ་བསྒྲགས་ཟླ་བའི་དུས་ཚོད་ནི་ཟླ་6ཚེས་15ཉིན་ནས་ཟླ་7ཚེས་15ཉིན་བར་ཡིན་པ་དང་།གཙོ་དོན་ནི་བློ་བདེའི་བུ་གསོ་དང་སྟབས་བདེ་ཡོང་ཐབས་བྱེད་ཅེས་པ་དེ་རེད།དབྱང་ཝུན་ཀྲོང་གིས་ཁྱིམ་ཚང་གི་གཞི་ཁྱོན་ཆུང་དུ་ཕྱིན་པ་དང་ཕྲུ་གུ་གསོ་སྐྱོང་བྱེད་ནུས་ཆུང་དུ་ཕྱིན་པ་དང་བསྟུན་ནས་དེང་རབས་ཅན་དང་སྤྱི་ཚོགས་ཅན་གྱི་ཕྲུ་གུ་གསོ་སྐྱོང་ཞབས་ཞུ་དེ་བས་དགོས་མཁོ་ཆེ་རུ་ཕྱིན་ཡོད།བུ་བཅོལ་གྱི་དགོས་མཁོ་བསྐང་བ་དེས་བུ་བཙའི་ཆུ་ཚད་མཐོ་རུ་གཏོང་བ་དང་།བུད་མེད་ཀྱི་ལས་ཞུགས་ལ་འགན་ལེན་བྱེད་པ།ཕྲུ་གུ་དམར་འབྱར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཐུབ་ཅེས་ངོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ས་གནས་ཁག་གིས་འཚོལ་ཞིབ་ཧུར་ཐག་བྱས་ནས་ས་ཆ་མཐུན་སྦྱོར་དང་།ཐོན་ཁུངས་གསར་སྤེལ།ཁ་གསབ་སྤྲོད་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་བུ་བཅོལ་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།དཔེར་ན།ཧྲང་ཧའེ་གྲོང་ཁྱེར་གྱི་གཅེས་ཕྲུག་ཁང་པ་དང་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་གྱི་བློས་འགེལ་བུ་བཅོལ་སོགས་སྡེ་ཁུལ་གྱི་བཅོལ་སྐྱོང་ཞབས་ཞུའི་སྤུས་རྟགས་ལ་ཁྱིམ་བདག་གི་ཡིད་ཆེས་ཐོབ་པ་དང་།ཧང་ཀྲོའུ་དང་།ཁྲང་ཧྲ།ཤིས་ཨན་སོགས་རྒྱལ་ཡོངས་ཀྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར་དང་ཀྲུང་དབྱང་ནོར་སྲིད་ཀྱིས་ཀུན་ཕན་བཅོལ་སྐྱོང་ཞབས་ཞུ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དཔེ་སྟོན་རྣམ་གྲངས་གྲོང་ཁྱེར་གྱིས་མིག་དཔེ་ལྟ་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་གསར་པ་ཁག་གཅིག་འཚོལ་ཞིབ་བྱས་ནས་ཆགས་ཡོད་པ་རེད།

ཁྲང་ཧྲ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཅི་དབྱང་གིས་ས་གནས་དེ་གའི་བུ་བཅོལ་ཞབས་ཞུའི་དགོས་མཁོར་བརྟག་ཞིབ་གཏིང་ཟབ་བྱས་ནས་སྒོ་འགྲམ་དང་ལས་ཁུངས་ཀྱི་སྒོ་འགྲམ་དུ་དམངས་བདེའི་བུ་བཅོལ་ཁང་མགྱོགས་མྱུར་བསྐྲུན་རྒྱུ་རེད།མིག་སྔའི་བར། ཁྲང་ཧྲ་གྲོང་ཁྱེར་དུ་ཁྱོན་བུ་བཅོལ་ཁང་706ཡོད་པ་དང་མི་འབོར་སྟོང་རེར་བཅོལ་གྲངས་3.93ཟིན་གྱི་ཡོད་པ་དང་སྡེ་ཁུལ་གྱི་བུ་བཅོལ་ཁང་གི་ཁེབས་ཚད་ཀྱི་བརྒྱ་ཆ་78.42ཟིན་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་རྒྱལ་ཡོངས་ཀྱི་བུ་གསོའི་ཞབས་ཞུའི་དྲིལ་བསྒྲགས་ཟླ་བའི་རིང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ད་དུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་བུ་བཅོལ་ཞབས་ཞུར་རྒྱུས་མངའ་བྱེད་ཚད་སྔར་བས་ཆེ་རུ་བཏང་སྟེ་ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་བུ་བཅོལ་ཁང་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་པ་དང་། མང་ཚོགས་ཀྱིས་ལོ་3མན་གྱི་ཕྲུ་གུ་དམར་འབྱར་བུ་བཅོལ་ཁང་དུ་སྐྱེལ་བར་བློ་བདེ་པོ་མེད་པ་དང་སྟབས་བདེ་པོ་མེད་པའི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་བུ་བཅོལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ཐབས་ལམ་མང་པོའི་ཐོག་ནས་བུ་བཅོལ་ཞབས་ཞུའི་ལས་དོན་པ་མང་དུ་གཏོང་བ་དང་། བུ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། སྡེ་ཚན་ལས་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བུ་བཅོལ་ཞབས་ཞུའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་རེད།

(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 6 6 拉萨日报藏文 c182880.html 1 རང་རྒྱལ་གྱི་ལོ་3མན་གྱི་ཕྲུ་གུ་དམར་འབྱར་གྱི་ཁྱིམ་ཚང་ལ་བུ་བཅོལ་གྱི་དགོས་མཁོ་ཡོད་པ། /enpproperty-->