分享按钮

མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བཅོས་རྒྱག་པའི་ཡུལ་དངོས་སུ་བཅར་འདྲི་བྱས་པ།

རྒྱུགས་ཤོག་གཅིག་གི་སྐར་གྲངས་ཇི་ལྟར་ཐོན་གྱི་ཡོད་དམ།

མཐོ་རྒྱུགས་རྒྱུགས་ཤོག་གཅིག་རྒྱུགས་ར་ནས་ཁ་བྲལ་ནས་སྐར་གྲངས་ཐོབ་པའི་བར་ལྷུ་ཚིགས་གང་དག་བརྒྱུད་དགོས་སམ།

མིག་སྔར་ས་གནས་ཁག་གི་མཐོ་རྒྱུགས་རྒྱུགས་ཤོག་ལ་བཅོས་རྒྱག་པའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། གསར་འགོད་པ་ཧྲང་ཧའེ་དང་། ཐེན་ཅིན། ཁྲུང་ཆིང། ཀུའེ་ཀྲོའུ་སོགས་ས་ཁུལ་གྱི་རྒྱུགས་ཤོག་ལ་བཅོས་རྒྱག་ཡུལ་དུ་བསྐྱོད་དེ་རྒྱུགས་ཤོག་གཅིག་གི་སྐར་གྲངས་ཇི་ལྟར་བྱས་ནས་ཐོན་པར་བཅར་འདྲི་བྱས་པ་ཡིན།

རྒྱུགས་སྤྲོད་མཇུག་འགྲིལ་རྗེས་རྒྱུགས་སྤྲོད་སློབ་མའི་རྒྱུགས་ཤོག་དེ་སྤྱི་བདེ་ཚན་པའི་སྲུང་སྐྱེལ་འོག་རྒྱུགས་ཤོག་བཅོས་རྒྱག་སར་བསྐྱལ་རྗེས་བསྡུ་ལེན་ཁང་དུ་བསྐྱོད་དེ་གཅིག་གྱུར་གྱིས་བཤེར་འབེབས་བྱེད་ཀྱི་ཡོད་ཅེས་ལྷོ་ནུབ་སློབ་ཆེན་རྩིས་འཁོར་དང་ཆ་འཕྲིན་ཚན་རིག་སློབ་གླིང་གི་ཡོན་ཀྲང་གཞོན་པ་ལེའོ་ཅན་ཝུའེ་ཡིས་སློབ་གྲྭ་དེའི་རྒྱུགས་ཤོག་ལ་བཅོས་རྒྱག་སའི་མྱུར་བགྲོད་བཤེར་འབེབས་ཡོ་བྱད་10ལྷག་ཙམ་ཡོད་པ་དང་ཉིན་རེར་ཆ་སྙོམས་རྒྱུགས་ཤོག་ཁྲི་20ལྷག་ཙམ་ཐག་གཅོད་ཐུབ་ཀྱི་ཡོད་ཅེས་བཤད།

གསར་འགོད་པས་ལྷོ་ནུབ་སློབ་ཆེན་གྱི་རྒྱུགས་ཤོག་ལ་བཅོས་རྒྱག་ས་ནས་གྲངས་གཞི་འཚོལ་བསྡུ་ཚོགས་ཆུང་གི་ལས་དོན་མི་སྣས་བྲེལ་འཚུབ་ངང་རྒྱུགས་ཤོག་བཤེར་འབེབས་ལས་དོན་སྤེལ་བཞིན་ཡོད་པ་མཐོང་བྱུང་། རྒྱུགས་ཤོག་བཤེར་འབེབས་བྱས་རྗེས་གྲུབ་པའི་གྲངས་འཛིན་ཅན་གྱི་གྲངས་གཞི་དེ་ལྟེ་གནས་འཕྲུལ་ཁང་དུ་བསྐུར་རྒྱུ་དང་འཕྲུལ་ཁང་གིས་སླར་ཡང་ལན་འདེབས་ཁུལ་གཅོད་འབྲེག་བྱས་ཏེ་རྩིས་གཞིའི་རིགས་དང་རྩིས་གཞིའི་ཨང་གྲངས་ལ་གཞིགས་ནས་དེ་མཚུངས་ཀྱི་རྒྱུགས་ཤོག་ལ་བཅོས་རྒྱག་སར་བགོས་ཀྱི་ཡོད། ཡུལ་དངོས་ཀྱི་ལས་དོན་པས་གཞན་དབང་གི་རྩིས་གཞི་དེ་འཕྲུལ་འཁོར་གྱིས་རང་འགུལ་ངང་བཅོས་རྒྱག་པ་དང་རང་དབང་གི་རྩིས་གཞི་དེ་དྲ་ཐོག་བཅོས་རྒྱག་ཚོགས་ཆུང་གིས་དཔྱད་ཞིབ་བྱེད་ཀྱི་ཡོད་ཅེས་བཤད།

འདེམས་གཞིའི་ཁ་སྐོང་དབྱེ་འབྱེད་ཐད་འོད་གློག་དབྱེ་འབྱེད་ཀྱི་བྱ་ཐབས་སྤྱོད་ཀྱི་ཡོད་པ་དང་སྐར་གྲངས་དཔྱད་བསྡུར་མ་བྱས་གོང་ཆེད་མི་མངགས་ནས་ཚད་ལྡན་གྱི་ལན་ནང་འཇུག་བྱེད་པ་དང་འབྲེལ་གསང་སྡོམ་གྱི་བྱ་ཐབས་སྤྱད་དེ་ཉར་ཚགས་བྱས་ཏེ་མིའི་ཐབས་ལ་བརྟེན་ནས་བཟོ་བཅོས་རྒྱག་རྒྱུར་སྔོན་འགོག་བྱེད་ཀྱི་ཡོད་ཅེས་ཐེན་ཅིན་གྲོང་ཁྱེར་སློབ་གསོ་སློབ་བསྡུའི་ཡིག་རྒྱུགས་ཁང་མཐོ་སློབ་སློབ་བསྡུ་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་སུང་ལིང་གིས་སྐར་གྲངས་དཔྱད་བསྡུར་བྱས་རྗེས་སློབ་ཚན་ཁག་རེ་རེའི་སྐར་གྲངས་ལ་ཞུ་དག་ཞིབ་བཤེར་དང་འབྲེལ་འཐེན་བཤེར་སྒྲིག་འཛུགས་བྱེད་ཀྱི་ཡོད་ཅེས་བཤད།

ཀུའེ་ཀྲོའུ་ཞིང་ཆེན་གྱི་2024ལོའི་མཐོ་རྒྱུགས་ཀྱི་བཅོས་རྒྱག་རྟེན་གཞིའི་དཔྱད་བསྡུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལུའོ་ཡུང་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རང་དབང་གི་རྩིས་གཞིར་རྩིས་གཞི་གཅིག་ལ་དཔྱད་བསྡུར་མང་བའི་རྣམ་པ་སྤྱད་དེ་རྩིས་གཞི་རེ་རེ་ནི་མ་ལག་གིས་སྐབས་བསྟུན་ངང་དཔྱད་བསྡུར་དགེ་རྒན་གཉིས་ལ་བགོ་རྒྱུ་དང་། གལ་ཏེ་ཁོང་ཚོས་སྤྲད་པའི་སྐར་གྲངས་ཀྱི་ཁྱད་པར་དེ་ཆོག་འཐུས་ཀྱི་ཁྱབ་ཁོངས་ལས་བརྒལ་ཚེ་དགེ་རྒན་གསུམ་པར་བཅོས་རྒྱག་རྒྱུར་བགོ་རྒྱུ་དང་། གལ་ཏེ་དཔྱད་བསྡུར་བྱས་འབྲས་དེ་སྔོན་མའི་དཔྱད་བསྡུར་དགེ་རྒན་གཉིས་ཀྱི་སྐར་གྲངས་ཀྱི་ཁྱད་པར་གཏན་འབེབས་དང་མི་མཐུན་ཚེ་རིགས་གཅིག་མཁས་ཅན་ཚོགས་ཆུང་ཁྲུན་ཐག་གཅོད་རྒྱུར་བསྐྱལ་ནས་དཔྱད་བསྡུར་བྱས་འབྲས་ལ་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

གསར་འགོད་པས་ཧྲང་ཧའེ་མཐོ་རྒྱུགས་སྐད་ཡིག་བཅོས་རྒྱག་ས་ནས་མཐོང་བར། དཔྱད་བསྡུར་དགེ་རྒན་གྱི་མདུན་དུ་ཡོད་པའི་གློག་ཀླད་ཐོག་རྒྱུད་ཁོངས་ཀྱིས་རང་ཉིད་ལ་བགོས་པའི་རྩིས་གཞི་ཁོ་ན་མངོན་གྱི་ཡོད་པ་དང་ཁོང་ཚོས་རྒྱུགས་སྤྲོད་སློབ་མའི་ལན་འདེབས་ཚུལ་དང་སྐར་གྲངས་དཔྱད་བསྡུར་ཞིབ་སྲོལ་ལ་གཞིགས་ནས་སྐར་གྲངས་སྤྲོད་ཀྱི་ཡོད་པ་རེད། ཡིག་ཤོག་ལ་བཅོས་རྒྱག་པ་ཞིབ་ཚགས་དང་ཡང་དག་ཡིན་པར་ཁག་ཐེག་བྱེད་ཆེད། དགེ་རྒན་གྱིས་བརྙན་ཤེལ་སྟེང་གི་ཡི་གེ་སེན་མོའི་ཆེ་ཆུང་དུ་ཆེ་རུ་གཏོང་ཆོག་པར་མ་ཟད། ད་དུང་དགའ་ཕྱོགས་ལྟར་བརྙན་ཤེལ་གྱི་རྒྱབ་ལྗོངས་ཚོན་མདོག་བཀོད་སྒྲིག་བྱས་ནས་མིག་ཤེད་ངལ་དུབ་ཇེ་ཆུང་དུ་གཏོང་ཆོག་གི་ཡོད།

ཁྲུང་ཆིང་གི་རྒྱུགས་སྤྲོད་སློབ་མ་ཨོའུ་དབྱང་ཡུའེ་ཧང་གིས་གསར་འགོད་པར་རང་དབང་གི་རྩིས་གཞི་ཞིག་ལ་བཅོས་རྒྱག་པའི་བརྒྱུད་རིམ་ནི་ངའི་བསམ་ཚོད་ལས་རྙོག་འཛིང་ཆེ་བ་ཡོད་ཅེས་བཤད།

མཐོ་རྒྱུགས་ཀྱི་སྐར་གྲངས་དཔྱད་བསྡུར་ལ་སྐར་མ་ཚང་མར་གཞི་འཛིན་ས་ཡོད་པ་དང་།གཞི་འཛིན་ས་གང་ནས་བྱུང་བ་ཡིན་ནམ།

ཧྲང་ཧའེ་མཐོ་རྒྱུགས་སྐད་ཡིག་དཔྱད་བསྡུར་ལྟེ་གནས་ཚོགས་ཆུང་གི་འགན་འཁུར་བས་དཔྱད་བསྡུར་མ་བྱས་གོང་དཔྱད་བསྡུར་ལྟེ་གནས་ཚོགས་ཆུང་གིས་ཉིན་གཉིས་ཀྱི་དུས་ཚོད་སྤྱད་དེ་སྐར་གྲངས་དཔྱད་བསྡུར་དཔེ་ལེན་དང་། དཔྱད་བསྡུར་ཚད་གཞི་འཐུས་ཚང་དུ་གཏོང་བ།དཔྱད་བསྡུར་ཞིབ་ཕྲ་བཟོ་བ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་ཀྱི་ཡོད། སྐར་གྲངས་དཔྱད་བསྡུར་དང་དཔེ་ལེན་བྱས་འབྲས་ལ་གཞིགས་ནས་ལྟེ་གནས་ཚོགས་ཆུང་གིས་སྐར་གྲངས་བལྟོས་བཅས་ཀྱིས་ཆེ་ཙམ་དང་སྒོ་དབྱེའི་རང་བཞིན་ཅུང་ཆེ་བའི་ཁ་བྱང་ཞིག་གཏན་འཁེལ་བྱས་ཏེ་ཆེད་དོན་ཚོགས་པ་བཙུགས་ནས་ཁེར་རྐྱང་དུ་དཔྱད་ཞིབ་བྱེད་ཀྱི་ཡོད་ཅེས་བཤད།

ཝང་སུང་ལིང་གིས་རིག་ཚན་ཁག་གིས་གནས་ཚུལ་དངོས་ལ་གཞིགས་ནས་བསྡུར་ཚད་ལྟར་གྲངས་འབོར་ངེས་ཅན་གྱི་རྒྱུགས་ཤོག་འཐེན་ནས་ཚོད་ལྟ་གདེང་འཇོག་བྱེད་ཀྱི་ཡོད། ཚོད་ལྟའི་གདེང་འཇོག་གི་གནས་ཚུལ་ལ་གཞིགས་ནས་སྐར་གྲངས་དཔྱད་བསྡུར་གྱི་ཞིབ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་དགོས་ངེས་ཀྱི་སྐབས་སུ་རྒྱུགས་ཤོག་དཔྱད་བསྡུར་གྱི་འབྲེལ་ཡོད་དཔྱད་གྲངས་ལེགས་སྒྲིག་བྱེད་ཀྱི་ཡོད་ཅེས་བཤད།

ཀུའེ་དབྱང་གི་རྒྱུགས་སྤྲོད་སློབ་མ་ཙེང་ཧང་གིས་རྒྱུགས་ཤོག་བཅོས་རྒྱག་སར་ལྟ་སྐོར་བྱས་རྗེས་སེམས་ཁྲལ་སེལ་ནས། དེ་སྔ་མཐོ་རྒྱུགས་ཀྱི་སྐད་ཡིག་རྩོམ་ཡིག་བཅོས་རྒྱག་པ་དེ་དྲ་ཐོག་ནས་བཤད་པ་ལྟར་མགོ་མཇུག་དང་ཡི་གེ་གཙང་མ་ཡོད་མེད་ལ་བལྟ་ཡི་ཡོད་སྙམ་གྱི་ཡོད། འོན་ཀྱང་དོན་དངོས་ཐོག་དེ་འདྲ་ཞིག་མ་རེད། དགེ་རྒན་ཚོས་ཧ་ཅང་ཞིབ་ཚགས་གཟིགས་ཀྱི་ཡོད་པས་ང་ལ་སེམས་འགུལ་ཐེབས་བྱུང་ཞེས་བཤད།

གལ་ཏེ་སྐར་མ་ཀླད་ཀོར་སོགས་ཀྱི་གནས་ཚུལ་འབྱུང་བའམ་ཡང་ན་རྒྱུན་ལྡན་མིན་པའི་ལན་འདེབས་རྒྱུགས་ཤོག་བྱུང་ན་ཇི་ལྟར་བྱེད།

ལིའོ་ཅན་ཝུའེ་ཡིས། གཞི་གྲངས་ཆེན་པོའི་དབྱེ་ཞིབ་ལག་རྩལ་ལ་གཞིགས་ནས་མ་ལག་གིས་དུས་ཐོག་ཏུ་རྒྱུགས་ཤོག་ལ་བཅོས་རྒྱག་པའི་གནས་ཚུལ་ལ་དབྱེ་ཞིབ་བྱེད་ཀྱི་ཡོད། གལ་ཏེ་ཐལ་དྲགས་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དཔེར་ན། རང་དབང་རྩིས་གཞི་དང་གཞན་དབང་གི་རྩིས་གཞི་གཉིས་ཀྱི་སྐར་གྲངས་ཁྱད་པར་ཧ་ཅང་ཆེ་བའམ་ཡང་ན་སྐར་མ་མེད་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་རྒྱུགས་ཤོག་རིག་ཚན་གྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་སྤྲད་དེ་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་བསྐྱར་ཞིབ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཝང་སུང་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་པའི་ལན་ཤོག་དཔེར་ན། འདྲ་མཚུངས་དང་། ཡིག་གཟུགས་སྔ་རྗེས་མི་འདྲ་བ། རྒྱུགས་གཞིའི་ནང་དོན་ནང་རུས་མིང་ངམ་ཡང་ན་རྟགས་གཞན་པ་བྲིས་ཡོད་པ་སོགས་སྔོན་ལ་བཅོས་བརྒྱབ་རྗེས་བཅོས་བརྒྱབ་པའི་གནད་དོན་ཐག་གཅོད་ཟིན་ཐོ་འབྲི་རྒྱུ་དང་མཐོ་སློབ་དཔྱད་བསྡུར་འགོ་ཁྲིད་ཚོགས་ཆུང་གིས་ཁྲུན་ཐག་བཅད་ནས་ཐེན་ཅིན་གྲོང་ཁྱེར་གྱི་རྒྱུགས་ལེན་སློབ་བསྡུ་ཁང་ལ་བསྐྱར་ཞིབ་བྱ་རྒྱུའི་སྙན་སེང་ཞུས་ཏེ་གཡོ་ཟོལ་གྱི་བྱེད་སྤྱོད་དངོས་གནས་ཡོད་ཚེ་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་ནི《རྒྱལ་ཁབ་སློབ་གསོ་རྒྱུགས་ལེན་གྱི་སྒྲིག་འགལ་ཐག་གཅོད་བྱ་ཐབས》ལྟར་ཐག་གཅོད་བྱ་རྒྱུ་རེད་ཅེས་བཤད།

རང་དབང་གི་རྩིས་གཞི་དང་གཞན་དབང་གི་རྩིས་གཞི་ལ་བཅོས་བརྒྱབ་ཚར་རྗེས། སྦྱངས་འབྲས་གཉིས་བསྣན་ན་རྒྱུགས་སྤྲོད་སློབ་མའི་སློབ་ཚན་ག་གེ་མོའི་སྤྱིའི་སྦྱངས་འབྲས་ཐོབ་ཀྱང་ལྷུ་ཚིགས་འདི་1+1=2་ལྟར་ལས་སླ་པོ་ཞིག་མ་རེད།

ཁྲུང་ཆིང་གྲོང་ཁྱེར་སློབ་གསོ་རྒྱུགས་ལེན་ཁང་གི་འབྲེལ་ཡོད་ལས་དོན་མི་སྣས་རྒྱུགས་ཤོག་ལ་བཅོས་རྒྱག་པའི་ལས་དོན་མཇུག་འགྲིལ་རྗེས། ལས་དོན་མི་སྣས་རྒྱུགས་སྤྲོད་སློབ་མའི་སྦྱངས་འབྲས་ཀྱི་གཅིག་མཐུན་རང་བཞིན་ལ་ཞིབ་བཤེར་ཐེངས་མང་བྱས་ནས་ལན་འདེབས་ཤོག་གྲངས་རེ་རེའི་སྦྱངས་འབྲས་ནུས་ལྡན་ཡིན་པའི་འགན་ལེན་བྱ་རྒྱུ་དང་འབྲེལ་ལས་དོན་ཚོགས་ཆུང་གཉིས་ཀྱིས་མཉེན་ཆས་དང་བྱ་ཐབས་མི་འདྲ་བ་སྤྱད་དེ་རང་ཚུགས་ཀྱི་ཕན་ཚུན་མི་མཐོང་བའི་ཐོག་ནས་སྦྱངས་འབྲས་བསྡོམས་ནས་སྦྱངས་འབྲས་ཡང་དག་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གྲ་སྒྲིག་ཚང་མ་བྱས་ཚར་རྗེས། རྒྱུགས་སྤྲོད་སློབ་མས་རེ་སྒུག་ཆེ་ཤོས་དང་དངངས་འཚབ་ཆེ་ཤོས་ཀྱི་སྦྱངས་འབྲས་ཁྱབ་བསྒྲགས་བྱེད་པའི་ལྷུ་ཚིགས་ཤིག་རེད། རྒྱུགས་སྤྲོད་སློབ་མ་ཚང་མར་རང་ཉིད་ལ་དགོས་འདོད་པའི་སྦྱངས་འབྲས་ཐོབ་ནས་སློབ་ཆེན་ནང་ཞུགས་རྒྱུའི་བརྡ་ཐོ་རག་རྒྱུའི་རེ་བ་ཡོད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་འབྱོར་བའི་གློག་འཕྲིན)

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 རྒྱུགས་ཤོག་གཅིག་གི་སྐར་གྲངས་ཇི་ལྟར་ཐོན་གྱི་ཡོད་དམ། 6 6 拉萨日报藏文 c182881.html 1 མཐོ་རྒྱུགས་ཀྱི་རྒྱུགས་ཤོག་ལ་བཅོས་རྒྱག་པའི་ཡུལ་དངོས་སུ་བཅར་འདྲི་བྱས་པ། /enpproperty-->