ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཏང་ཀྲི་པུའུ་དང་ལྷ་ས་གྲོང་ཁྱེར་སྤྱི་ལ་དབང་བའི་ལམ་ལུགས་མིན་པའི་ཁེ་ལས་ལས་རིགས་ཏང་ཨུད་ཀྱིས་ཟླ་6པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་དམིགས་ནས་ཆེད་དོན་གསལ་འགྲེལ་བྱས་པ་རེད།
ད་ཐེངས་ཀྱི་ཆེད་དོན་འཆད་ཁྲིད་ནང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)འཆད་ཁྲིད་དགེ་རྒན་ཀྲང་མེང་ཡོན་གདན་དྲངས་ནས་འགྲེལ་བཤད་བརྒྱབ་པ་རེད།ཀྲང་མེང་ཡོན་གྱིས《སྲོལ་ཡིག》གི་ལོ་རྒྱུས་འཕོ་འགྱུར་དང་།《སྲོལ་ཡིག》བཟོ་བཅོས་བརྒྱབ་པའི་དོན་སྙིང་གལ་ཆེན།《སྲོལ་ཡིག》གི་གཙོ་དོན་དང་། སྙིང་དོན། གཏན་འབེབས། སྒྲིག་ཁྲིམས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་ཁག་བཞི་ལ་གསལ་འགྲེལ་བྱས་པ་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་གྱོད་དཔེར་དབྱེ་ཞིབ་བྱས་པ་བརྒྱུད་ཉེན་བརྡ་དང་ཟིལ་གནོན་གྱི་ནུས་པ་ཆེ་རུ་བཏང་བ་རེད།
ཏང་ཡོན་ཡོངས་ཀྱིས་ལེའུ་རེ་རེ་བཞིན《སྲོལ་ཡིག》གི་ཡིག་ཆའི་ནང་དོན་དང་ལྷག་པར་དུ་གསར་དུ་བཟོ་བཅོས་བརྒྱབ་པའི་ཆ་ཤས་ལ་སློབ་སྦྱོང་བྱས་ཏེ《སྲོལ་ཡིག》ལ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་གོ་བ་ལེན་པར་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། སྤེལ་རེས་དང་བགྲོ་གླེང་བྱས་ཏེ་སྒྲིག་འགལ་དཔེ་མཚོན་གྱི་གྱོད་དཔེའི་རྒྱུ་རྐྱེན་དང་བསླབ་བྱར་དབྱེ་ཞིབ་གཏིང་ཟབ་བྱས་ནས་སྡེ་ཁག་གི་འགན་འཁྲི་དང་། ལས་གནས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་སྒྲིག་འགལ་གྱི་ཉེན་ཁ་ཡོད་ས་འཚོལ་བ།སྔོན་འགོག་གི་བྱ་ཐབས་འདོན་པ།གྱོད་གཞི་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
ཏང་དོན་ལས་དོན་པ་ཨོ་རྒྱན་ཚེ་རིང་གིས་དམངས་གཉེར་ཁེ་ལས་ཁྲོད་ང་ཚོའི་ལས་ཀའི་ཁོར་ཡུག་མི་འདྲ་བ་ཡོད་ཀྱང་ཏང་ཡོན་གྱི་ཐོབ་ཐང་དང་འགན་འཁྲིར་འགྱུར་བ་མེད། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་ངེས་ནས་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་རང་དཔེ་གཞན་སྟོན་གྱིས་ཏང་ཡོན་གྱི་གདོང་ལེན་དང་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་མ་ཟད། ང་ཚོས་ཁེ་ལས་ཁྲོད《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་དང་གསོ་སྦྱོང་མུ་མཐུད་བྱས་ནས་ཁེ་ལས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོའི་ནང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་དང་ལག་ལེན་བྱས་པ་དེས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཡོན་གྱིས་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་སྔར་བས་གསལ་པོར་ངོས་འཛིན་ཐུབ་པ་དང་།རང་ཉིད་ལ་ལྟ་སྐུལ་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་ཕྱིན་པ། སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཡོན་གྱིས་རང་འགུལ་ངང་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུར་སྐུལ་འདེད་བཏང་ནས་རང་བརྩི་དང་།རང་ཉིད་ལ་དྲན་སྐུལ།རང་ཉིད་ལ་ཉེན་བརྡ་གཏོང་བ།རང་ཉིད་ལ་སྐུལ་མ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་གཤིས་རྒྱུད་བཟང་པོ་རྒྱུན་འཁྱོངས་ཐུབ་པ་བྱུང་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社