分享按钮

སྣ་མང་ཨའོ་ཐེ་ལའེ་སེའི་ཚོང་ལས་ལྷ་སར་གཉེར་འགོ་ཚུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་དཔལ་འབྱོར་འཁོར་སྐྱོད་ལ་སྐུལ་འདེད་གཏོང་བའི་དམངས་ཕན་ཁེ་ལས་ཀྱི་རོགས་རམ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱ་ཆེད། ཟླ་6ཚེས་10ཉིན། ཁྲེང་ཏུའུ་སྣ་མང་ཨའོ་ཐེ་ལའེ་སེ་དམིགས་བསལ་བྲིན་ཚོང་བྱེད་སྒོ་དེ་རང་གྲོང་གི་བྱང་འདབས་གནམ་ས་གསར་པའི་ཚོང་རར་སྤེལ་བ་དང་།དེའི་ཐོག་ནས་བོད་ཀྱི་སྣ་མང་ཨའོ་ཐེ་ལའེ་སི་ཐོག་མ་ལྷ་སར་འབྱོར་བ་དང་རྒྱལ་སྤྱིའི་སྤུས་རྟགས་34གྲུབ་འབྲས་ཐོབ་པའི་ངང་ལྷ་སར་གནས་བཅའ་བ་མཚོན་ཡོད།

གསང་ཡིབ་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཆི་མེད་སྒྲོལ་དཀར་གྱིས་བྱང་འདབས་གནམ་ས་གསར་པ་དེ་དོག་སྡེ་ཁྲོམ་གཞུང་སྡེ་ཁུལ་གྱི་ཚོང་ཁུལ་མཉམ་འགུལ་མཉམ་སྐྲུན་དཔེ་སྟོན་བྱ་ཡུལ་ཞིག་ཡིན་པའི་ངོས་ནས་དུས་འགོར་སྡེ་ཁུལ་གྱིས་བྱང་འདབས་གནམ་ས་གསར་པར་ཏང་ཀྲི་པུའུ་བཙུགས་ཏེ་ཚོང་ཁུལ་ནང་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་Vདང་ཏང་འཛུགས་སྐྱོང་གཙོ་དོན་དུ་བྱས་པའི་གློག་བརྙན་ཚོམས་ཆེན་བསྐྲུན་ནས་མང་ཚོགས་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་བ་དང་དམངས་ཕན་ཚོང་ཁུལ་གཏོད་རྒྱུར་མཛུབ་ཁྲིད་བྱས་པ་རེད། ཁྲེང་ཏུའུ་སྣ་མང་ཨའོ་ཐེ་ལའེ་སི་བྱང་འདབས་གནམ་ས་གསར་པའི་ཚོང་རར་ཐོག་མར་བཅའ་སྡོད་བྱས་ནས་རང་ལྗོངས་ཀྱི་རྩེར་སོན་སིལ་ཚོང་ཁྲོམ་རའི་སྟོང་ཆ་བསྐངས་བ་དང་། རང་ལྗོངས་ཀྱི་དཔལ་འབྱོར་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་འགྲོ་བའི་ལམ་ཚད་རྡོ་རིང་གཞན་ཞིག་ཀྱང་རེད། གྲོང་ཁྱེར་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་མི་རྣམས་ཀྱིས་འཚོ་བའི་སྤུས་ཚད་ལ་བཏོན་པའི་རེ་བ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས།ཨའོ་ཐེ་ལའེ་སི་ལྷ་སར་བཅའ་སྡོད་བྱས་པ་ལས་སྤུས་རྟགས་ཀྱི་གདམ་ག་ཕུན་སུམ་ཚོགས་པོ་བྱུང་བར་མ་ཟད། ལྷ་སའི་གྲོང་མིར་སྔར་བྱུང་མྱོང་མེད་པའི་ཉོ་སྒྲུབ་ཉམས་ལེན་ཡང་བྱུང་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་མངགས་ཐོ་ཉོ་སྒྲུབ་དང་། ཚོང་དོན་ཁྲལ་སློག དུས་ཚིགས་ནོར་ཚོང་། སྤུས་རྟགས་ཁ་གསབ་སོགས་ཀྱི་བྱ་ཐབས་བརྒྱུད་སྤུས་ཚད་མཐོ་བ་དང་། རིན་གོང་དམའ་བ། གཞན་ལ་ཕན་པ་སོགས་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་རྒྱུ་རྐྱེན་མང་པོ་མངོན་རྒྱུ་ཡིན་པ་རེད། གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧུང་མའེ་ཡིས་ཁྲེང་ཏུའུ་སྣ་མང་ཨའོ་ཐེ་ལའེ་སི་ལྷ་སར་ཐོག་མར་གནས་བཅའ་ན་གྲོང་ཁྱེར་གྱི་གྲོང་ཁྱེར་རིག་གནས་དང་། ཚོང་ལས། ཡུལ་སྐོར་བཅས་ཀྱི་ནུས་པ་སྔར་བས་འཐུས་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། གྲོང་ཁྱེར་གྱི་ཚོང་ལས་ཀྱི་གྲངས་འབོར་དང་རྣམ་པ་རིམ་སྤོར་དང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་ཁྲིད་ཐུབ་པ། ལྷ་སའི་གྲོང་ཁྱེར་གྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གཏོང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་ལ་སྐུལ་ཁྲིད་ཐུབ་རྒྱུ་བཅས་རེད།

སླད་ཕྱིན།གྲོང་ཁྱེར་ཚོང་དོན་པུས་མུ་མཐུད་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་།གྲོང་ཁྱེར་གྱི་འཛད་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་ནས།ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་དམངས་ཕན་ཚོང་ཁུལ་གྱི་སྤུས་རྟགས་ཡག་པོ་ཞིག་བཟོས་ཏེ།ཚོང་ཁུལ་སྣ་ཚོགས་ཀྱི་རིམ་པ་སྤོར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། སྤུས་རྟགས་གཅིག་སྡུད་ལ་སྐུལ་འདེད་གཏོང་བ། སྒྲིག་ཆས་ཆ་ཚང་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ་རང་གཤིས་ཅན་དང་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182488.html 1 སྣ་མང་ཨའོ་ཐེ་ལའེ་སེའི་ཚོང་ལས་ལྷ་སར་གཉེར་འགོ་ཚུགས་པ། /enpproperty-->