分享按钮

བོད་སྐད་སྦྱོང་བ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ།

(པར་ངོས་དང་པོར་མཐུད)རྗེས་སུ་བོད་རིགས་ལས་རོགས་ཀྱི་རྒྱུན་ལྡན་སྐད་ཆའི་ཁྲོད་ནས་བོད་སྐད་ཀྱི་ཐ་སྙད་མི་ཉུང་བ་ཞིག་ཤེས་བྱུང་། རྗེས་སུ། བོད་སྐད་སྦྱོང་བའི་ཟིན་བྲིས་ཆུང་ཆུང་ཞིག་ཁྱེར་ནས་ཉིན་ལྟར་ཐ་སྙད་གསར་པ་རེ་སྦྱོང་གི་ཡོད། རིམ་བཞིན་དུས་ཡུན་རིང་ཙམ་སོང་བ་དང་སྦྲགས་བརྗོད་པ་ཐུང་ཐུང་འབྲི་ཤེས་པ་སྟེ། དཔེར་ན་དེ་རིང་ལྟོ་ག་རེ་བཟའ་རྒྱུ་ཡིན་ཞེས་པ་དང་། ང་ནང་ལ་ལོག་གི་ཡིན་ཟེར་བའམ་ལས་ཀ་ཚར་སོང་ཞེས་པ་སོགས་ཀྱི་སྐད་ཆ་ཤོད་ཤེས་ཀྱི་ཡོད་ཅེས་བཤད།

ཞའོ་ཞ་ཡིས་བོད་སྐད་སྦྱངས་ནས་དུས་ཡུན་ངེས་ཅན་ཞིག་སོང་ཡོད།བརྡ་ཁྱབ་བྱང་བུའི་ཐོག་གི་བོད་ཡིག་ནི་ཞའོ་ཞ་ཡིས་བོད་སྐད་སྦྱོང་བའི་རམ་འདེགས་ཡོ་བྱད་ཡིན། ཁོང་གིས་བོད་ཡིག་ལ་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ཡོད། ངས་རྒྱུན་དུ་བརྡ་ཁྱབ་བྱང་བུའི་ཐོག་གི་བོད་ཡིག་སྦྱོར་ཀློག་རྒྱག་པའི་ཐབས་ལ་བརྟེན་ནས་ཕལ་སྐད་བྱང་ཆུབ་པ་ཡོང་བར་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་ཚེ་ཆོས་ཇ་ཁང་གི་སྒོ་བྱང་ལ་མཛུབ་མོ་བཙུགས་ནས་ཕལ་སྐད་ཅུང་ཙམ་བརྒྱབ་སྟེ་སྦྱོར་ཀློག་བརྒྱབ་སོང་།

བོད་དུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱིས་བོད་སྐད་སློབ་སྦྱོང་བྱེད་པར་དགའ་པོ་བྱེད་པ་ཕུད། ཡུལ་སྐོར་བ་མང་པོ་ཞིག་གིས་ཀྱང་བོད་སྐད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་ཚོས་བོད་སྐད་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ལྟ་ཕྱོགས་གསར་རྐྱང་གི་ཐོག་ནས་བོད་ལ་འབྲེལ་འདྲིས་དང་། བོད་ལ་ལྟ་བ། བོད་ལ་རྒྱུས་ལོན་བཅས་བྱེད་ཐུབ་ཀྱི་ཡོད།

ཡུལ་སྐོར་བ་མཁྱེན་ལྡན་མ་ཝུའེ་ཆེ་གེ་མོས་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་ཚོང་ཁང་ཞིག་ནང་ལག་རྟགས་འདེམས་པ་དང་། ཚོང་ཁང་གི་བདག་པོས་བོད་ཀྱི་བཟོ་རྩལ་ཐོན་རྫས་ཀྱི་ལོ་རྒྱུས་དང་བཟོ་སྐྲུན་བརྒྱུད་རིམ་ངོ་སྤྲོད་བྱེད་བཞིན་ཡོད། དེ་ནི་མཁྱེན་ལྡན་མ་ཝུའེ་ཆེ་གེ་མོས་བོད་དུ་ཡུལ་སྐོར་དུ་ཡོང་ཐེངས་དྲུག་པ་ཡིན་པ་དང་། བོད་དུ་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ནས་བཟུང་མཁྱེན་ལྡན་མ་ཝུའེ་དང་ཟླ་བ་སྒྲོལ་མ་གྲོགས་མོར་གྱུར་ཡོད།

མཁྱེན་ལྡན་མ་ཝུའེ་ཡིས་ངེད་གཉིས་ཀྱི་འབྲེལ་བའིི་སྐོར་གླེང་ན།ཁོང་གི་མིང་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ཡང་བོད་རིཊ་བུ་མོ་མང་པོ་ཞིག་གི་མིང་ལ་སྒྲོལ་མ་ཟེར་བ་ངས་ཤེས་མོད། འོན་ཀྱང་ཟླ་བ་ཞེས་པའི་དོན་གང་ཡིན་མི་ཤེས་པས་ཡ་མཚན་སྐྱེས་ནས་ངས་ཁོང་ལ་ཐད་ཀར་དྲིས་པ་ཡིན་ཞེས་བཤད།

ཟླ་སྒྲོལ་མས་སྐབས་དེར་ངས་ཁོང་ལ་ཟླ་བ་ཞེས་པ་ནི་གནམ་མཁའི་ཟླ་བའི་དོན་ཡིན་ཞེས་བཤད་རྗེས།ཁོང་གིས་ཀུ་རེའི་ཚུལ་དུ་ཁྱེད་རང་གི་མིང་ནི་ཟླ་བའི་ལྷ་མོ་རེད་ཅེས་གད་མོ་དགོད་བཞིན་དུ་བཤད་བྱུང་ཞེས་བཤད།

དགའ་ཞེན་གྱིས་དཀའ་ངལ་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ། སློབ་ཆེན་ལོ་རིམ་གཉིས་པའི་སྐབས་ཉེ་ཁྲང་གིས་སློབ་གྲྭ་ནས་ཐོན་རྗེས་བོད་དུ་འཚོ་བ་སྐྱེལ་རྒྱུའི་ཐག་བཅད་པ་དང་། བོད་ལ་རྒྱུས་ལོན་དེ་བས་ཡག་པོ་བྱ་ཆེད།ཉེ་ཁྲང་གིས་དྲ་ཐོག་ནས་བོད་ཡིག་གི་སློབ་དེབ་ཅིག་ཉོས་ནས་རང་སྦྱོང་བྱས་མོད། འོན་ཀྱང་རྨང་གཞི་མེད་པ་དང་ཕ་སྐད་ཀྱི་སྒྲ་འབྱིན་སྟངས་ཀྱི་ཁྱད་པར་དང་། ཐ་སྙད་ཀྱི་ཆོས་ཉིད་མི་ཤེས་པ། རྒྱུས་མངའ་མེད་པའི་བརྡ་སྤྲོད་བཅས་ཀྱི་དབང་གིས་ཁོང་གིས་ཐོག་མར་བོད་སྐད་སྦྱོང་སྐབས་དཀའ་ངལ་ཆེན་པོ་འཕྲད། རྗེས་སུ་ཉེ་ཁྲང་གིས་དགེ་རྒན་ཞིག་ལ་རྨང་གཞིའི་བརྡ་སྤྲོད་ཀྱི་སློབ་ཁྲིད་གནང་རོགས་ཞུས་པ་དང་འབྲེལ་སློབ་གྲྭའི་བོད་རིགས་སློབ་གྲོགས་དང་མཉམ་དུ་བོད་སྐད་ལ་སློབ་སྦྱོང་བྱས་ཏེ་རིམ་བཞིན་རང་ཉིད་ཀྱི་སློབ་སྦྱོང་བྱེད་ཐབས་ཆ་ཚང་ཞིག་ཆགས་ཡོད།

སློབ་སྦྱོང་གི་བརྒྱུད་རིམ་ཁྲོད། ཉེ་ཁྲང་གིས་གཅིག་བྱས་ན་ཁོའི་སློབ་སྦྱོང་གི་ཐབས་ཤེས་འདི་འདྲ་བཟོ་དང་སློབ་ཁྲིད་བྱེད་ཆོག་པའི་བསམ་བློ་གཏོང་བཞིན་ཡོད། དེ་རྗེས་ཉེ་ཁྲང་གིས་རང་ཉིད་ཀྱི་ལས་དོན་ཁང་བཙུགས་པ་དང་འབྲེལ་སློབ་ཁྲིད་ཀྱི་རྒྱུ་ཆ་བཟོས་ནས་སློབ་མ་བསྡུ་འགོ་བརྩམས། མིག་སྔར་ཁོང་གི་ལས་དོན་ཁང་དུ་སློབ་མ་200ཙམ་ཡོད་པ་དང་མང་ཆེ་བ་ནི་95ལོའི་རྗེས་སམ་ཡང་ན་2000ལོའི་རྗེས་ལ་སྐྱེས་པའི་གཞོན་ནུ་ཤ་སྟག་རེད།

ཉེ་ཁྲང་གིས་ཁོང་གི་སློབ་མ་ཚོས་སློབ་སྦྱོང་བྱས་པ་བརྒྱུད་བོད་སྐད་ཐོག་ནས་གཞི་རྩའི་གླེང་མོལ་བྱེད་ཐུབ་ཀྱི་ཡོད། སློབ་ཁྲིད་བྱེད་སྐབས། ཁོང་གིས་སློབ་གྲོགས་མང་པོས་བོད་སྐད་ལ་སྤྲོ་བ་སྔར་བས་ཆེ་རུ་ཕྱིན་པ་ཚོར་ཞིང་། ཧྲང་ཧའེ་རུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་བུ་མོ་ཞིག་གིས་བོད་སྐད་སྦྱངས་རྗེས་ཁོང་གིས་བོད་ཀྱི་རིག་གནས་ལ་རྒྱུས་མངའ་སྔར་བས་ཟབ་མོ་བྱུང་བས་ད་ཆ་ཁོང་གིས་བོད་ཡིག་གི་ཡིག་གཟུགས་དང《མངོན་བརྗོད་རིག་པ》སློབ་སྦྱོང་བྱེད་འགོ་བཙུགས་ཡོད་ཅེས་བཤད།

དྲ་གྲོགས་རེན་ཞའོ་མིས་2023ལོའི་ཟླ་7པ་ནས་བཟུང་བོད་སྐད་རང་སྦྱོང་བྱེད་འགོ་བཙུགས་ཡོད། ཁོང་གིས་དགའ་པོ་ཡོད་པའི་རྐྱེན་གྱིས་ངས་དུས་ཚོད་མང་པོ་སྤྱད་ནས་སློབ་སྦྱོང་བྱེད་ཀྱི་ཡོད། བོད་སྐད་ཤོད་སྟངས་སྦྱོང་བར་མ་ཟད། འབྲི་སྟངས་འང་སྦྱོང་གི་ཡོད། དང་ཐོག་ཉེ་འགྲམ་གྱི་གྲོགས་པོ་ཚོས་བསམ་ཤེས་ཐུབ་ཀྱི་མེད་མོད། འོན་ཀྱང་སློབ་སྦྱོང་ཡུན་རིང་བྱས་རྗེས་ངའི་བོད་སྐད་ཀྱི་སྒྲ་འདོན་སྟངས་ཇེ་དག་ཏུ་འགྲོ་བ་དང་ཡིག་གཟུགས་ཀྱང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ཉེ་འགྲམ་གྱི་མི་རྣམས་ཀྱིས་ང་ལ་བསྟོད་བསྔགས་བྱས་པ་ཐོས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་ལ་སྤོབས་པ་ཡང་སྐྱེད་བྱུང་ཞེས་བཤད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182487.html 1 བོད་སྐད་སྦྱོང་བ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་བ། /enpproperty-->