分享按钮

གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་རྟོག་ཞབས་ཞུ་ས་ཚིགས་ཀྱིས་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཉིན་མོའི་ལྟ་རྟོག་ཞབས་ཞུ་ས་ཚིགས་ཀྱིས་ཐུན་མོང་མ་ཡིན་པའི་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་ཤིག་འཚོགས་ཤིང་ཉིན་མོའི་ལྟ་རྟོག་བྱ་ཡུལ་དང་དེའི་ནང་མི་ཧུར་ཐག་ཞུགས་པར་ཚང་མས་གདེང་འཇོག་བཟང་པོ་ཐོབ་ཡོད།

ཉིན་དེར་བྱེད་སྒོ་སྤེལ་ཡུལ་དུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཤིང་། ཉིན་རེའི་མངགས་བཅོལ་བྱ་ཡུལ་དང་དེའི་ནང་མི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དགའ་སྤྲོ་རྣམ་པས་ཁེངས་ཡོད། ལུས་རྩལ་འགྲན་ཚོགས་སུ་བྱེ་ཁུག་འཕེན་པ་དང་། འགོག་རྐྱེན་གོམ་འགྲོས། པའོ་ལིང་སྤོ་ལོ།རྐུབ་སྟེགས་འཁོར་ལོའི་རྐང་རྩེད་སྤོ་ལོ་སོགས་དབང་པོ་སྐྱོན་ཅན་ཞུགས་རྒྱུར་འཚམ་པའི་སྤྲོ་སྣང་གི་ལུས་རྩལ་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ཡོད། གསར་འགོད་པས་མཐོང་དོན། གོམ་འགྲོས་འགོག་རྐྱེན་འགྲན་བསྡུར་བྱ་ཡུལ་དུ་འགྲན་བསྡུར་ནང་ཞུགས་མཁན་ཚོས་ཕན་ཚུན་འདེད་པ་དང་སྤྲོ་སེམས་རབ་ཏུ་འཕེལ་ནས་ལྟད་མོ་བ་ཚོའི་ཤུགས་རྒྱོབ་ཅེས་པའི་སྒྲ་གཅིག་རྗེས་གཉིས་མཐུད་ངང་གྲགས་ནས་འགྲན་བསྡུར་ཧ་ཅང་འཁྲུག་འདོད་པོར་གྱུར། ཁྱིམ་བདག་གི་ཁྲིད་སྟོན་འོག་ཉིན་རེའི་མངགས་བཅོལ་བྱ་ཡུལ་རྣམས་ཀྱིས་འགལ་རྐྱེན་སྣ་ཚོགས་ཁྱད་བསད་བྱས་ནས་མཐའ་མཇུག་ཏུ་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་རེད། རྐུབ་སྟེགས་འཁོར་ལོའི་རྐང་རྩེད་སྤོ་ལོའི་འགྲན་རའི་ནང་རུ་མི་ཚོས་ཕན་ཚུན་གྲོས་མཐུན་བྱས་ནས་གནད་ལ་འཁེལ་བའི་སྤོ་ལོ་བརྒྱུད་སྤྲོད་དང་སྒོའི་ནང་འཕེན་པ་བཅས་ཚང་མར་ས་གནས་ས་ཐོག་གི་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་པ་རེད། འགྲན་བསྡུར་རྣམ་གྲངས་ཀྱིས་འགྲན་བསྡུར་ནང་ཞུགས་མཁན་གྱི་གཟུགས་པོའི་མཐུན་སྦྱོར་རང་བཞིན་དང་ཚོགས་པའི་མཉམ་ལས་ནུས་པར་ཚོད་བགམ་བྱས་པར་མ་ཟད། ད་དུང་ཁོང་ཚོའི་དཀའ་ཚེགས་ལ་མི་སྐྲག་ཅིང་བློ་བརྟན་འགྱུར་མེད་ཀྱི་བསམ་པའི་ཉམས་འགྱུར་ཡང་མངོན་ཡོད། གཞན་ཡང་རྩལ་འགྲན་རྣམ་གྲངས་ཕུད་ཉིན་མོའི་ལྟ་རྟོག་ཞབས་ཞུ་ས་ཚིགས་ཀྱིས་ད་དུང་བྱེ་ཁུག་འཕེན་པ་དང་སྤྲོ་སྣང་ལྡན་པའི་པོ་ལིང་སྤོ་ལོ་སོགས་མཉམ་འགུལ་རོལ་རྩེད་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དབང་པོ་སྐྱོན་ཅན་དང་ལོ་ན་མི་འདྲ་བའི་དབང་པོ་སྐྱོན་ཅན་ཚང་མར་རང་ཉིད་དང་འཚམ་པའི་ལུས་རྩལ་རྣམ་གྲངས་ནང་ཞུགས་ཐུབ་པ་དང་ལུས་རྩལ་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་གཉེར་བ་དེས་དབང་པོ་སྐྱོན་ཅན་གྲོགས་པོ་ཚོས་ལུས་རྩལ་ཁྲོད་རང་ཉིད་ལ་འགྲན་སློང་བྱེད་པའི་སྤྲོ་སྣང་མྱོང་ཚོར་ཐུབ་པ་དང་། སྤྱི་ཚོགས་ལ་དབང་པོ་སྐྱོན་ཅན་གྱི་ཧུར་བརྩོན་ཡར་ཐོན་དང་བརྩོན་ལེན་བྱེད་ཕོད་པའི་འཚོ་བའི་རྣམ་འགྱུར་བརྒྱུད་སྤྲོད་བྱས་པས་དབང་པོ་སྐྱོན་ཅན་གྱི་ཡིད་ཆེས་ཆེ་རུ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

སླད་ཕྱིན་ཉིན་མོའི་ལྟ་རྟོག་ཞབས་ཞུ་ས་ཚིགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རིག་རྩལ་བྱེད་སྒོ་དེ་རིགས་མུ་མཐུད་སྤེལ་ཏེ་དབང་པོ་སྐྱོན་ཅན་གྲོགས་པོ་ཚོའི་འཚོ་བ་དེ་བས་སྣ་མང་ཕུན་སུམ་ཚོགས་པོ་ཡོང་བར་བྱ་རྒྱུ་ཡིན་པ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182478.html 1 གྲོང་ཁྱེར་དབང་པོ་སྐྱོན་ཅན་གྱི་ཉིན་མོའི་ལྟ་རྟོག་ཞབས་ཞུ་ས་ཚིགས་ཀྱིས་སྤྲོ་སྣང་ལྡན་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ། /enpproperty-->