ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཚོང་དོན་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དྲང་གཞག་འགྲན་རྩོད་དང་ཡིད་རྟོན་གཉེར་སྐྱོང་གི་ཁྲོམ་རའི་ཁོར་ཡུག་གཏོད་ཆེད། ཉེ་ཆར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་གཉེར་བྱས་པའི་རང་གྲོང་གི་ཚོང་དོན་ཁྱབ་ཁོངས་ཀྱི་2024ལོའི་ཡིད་རྟོན་གཉེར་སྐྱོང་བྱེད་སྒོ་དེ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་སུ་སྤེལ་བ་རེད།
བྱེད་སྒོའི་ཁྲོད་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཡིད་རྟོན་རིག་གནས་འགྲེལ་བཤད་དང་། ཤེས་དཔལ་ཡིད་རྟོན་གྱི་འབོད་སྐུལ་ཡི་གེ་སྤྲད་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》སོགས་ལས་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པ་བརྒྱུད་ཁེ་ལས་ཀྱིས་ཡིད་རྟོན་རྟོགས་པ་དང་ཡིད་རྟོན་སྲུང་བར་ཁྲིད་སྟོན་བྱས་ཏེ་ཡིད་རྟོན་མ་ལག་འཛུགས་སྐྱོང་ནང་རང་རྟོགས་ངང་ཞུགས་ནས་ཁྲིམས་སྲུང་ཡིད་རྟོན་གཉེར་སྐྱོང་དང་། ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་རང་རྟོགས་ཀྱིས་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ་འཛུགས་པ། ཚོང་དོན་ལས་རིགས་དར་རྒྱས་གོང་འཕེལ་གཏོང་བར་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་བཅས་བྱས་པ་རེད།
ལྷ་ས་དབན་ཏ་ཐང་ཆེན་ཚོང་ལས་དོ་དམ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་གཙོ་གཉེར་བ་ཆོས་འཕགས་རྒྱལ་གྱིས་ཁྲོམ་རའི་དཔལ་འབྱོར་ཉིན་བཞིན་འཕེལ་རྒྱས་འགྲོ་བའི་དེང་གི་དུས་འདིར།ཡིད་རྟོན་གཉེར་སྐྱོང་བྱ་རྒྱུ་དེ་ཁེ་ལས་འཚོ་གནས་དང་འཕེལ་རྒྱས་འགྲོ་བའི་འགག་རྩར་གྱུར་ཡོད།ཡིད་རྟོན་ནི་ཁེ་ལས་ཀྱི་བྱ་གཞག་འཛུགས་སྐྱོང་བྱེད་པའི་རྩ་བ་ཡིན་པས།ང་ཚོས་ཀྱང་ཚོང་དོན་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དྲང་གཞག་འགྲན་རྩོད་དང་ཡིད་རྟོན་གཉེར་སྐྱོང་གི་ཁྲོམ་རའི་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་བཤད།
ཚོང་དོན་ཁྱབ་ཁོངས་ཀྱི་ལས་གཉེར་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གོ་བདེ་བ་དང་ངོས་འཛིན་གཏིང་ཟབ་ཏུ་གཏོང་ཆེད།ཡུལ་དངོས་སུ་ད་དུང་ཡིད་རྟོན་གཉེར་སྐྱོང་གི་འབྲེལ་ཡོད་དྲིལ་བསྒྲགས་གློག་བརྙན་བསྟན་པ་རེད།ཐད་མཐོང་དང་གསོན་ཉམས་ལྡན་པའི་བྱ་ཐབས་བརྒྱུད་ཚོང་དོན་ཁྱབ་ཁོངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གོ་བ་ལེན་པ་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་ཚོང་དོན་ཁྱབ་ཁོངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་འགྲན་རྩོད་དྲང་གཞག་དང་ཡིད་རྟོན་གཉེར་སྐྱོང་བྱེད་པའི་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་བཞིན་ཡོད།
གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏེང་ཝུན་ཧྲེང་གིས་གྲོང་ཁྱེར་གྱི་ཚོང་དོན་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རྒྱ་ཆེའི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཐུན་མོང་ཐོག་ཡིད་རྟོན་གཉེར་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་གསོ་སྦྱོང་དང་།ལྟ་སྐུལ།འཐེན་བཤེར་སོགས་བྱ་ཐབས་རབ་དང་རིམ་པ་བརྒྱུད་ཁེ་ལས་ཀྱིས་ཐུན་མོང་ཐོག་ཡིད་རྟོན་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社