(པར་ངོས་དང་པོར་མཐུད)ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱས་པ་རེད།
རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་།ལྟ་ཞིབ་ཨུ་ཡོན།རིམ་པ་གཉིས་པའི་མཐོ་རིམ་ལྟ་ཞིབ་དཔོན་བཅས་ཡིན་པའི་ཨན་ཞང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་དམིགས་ནས་ཆེད་དོན་སློབ་ཁྲིད་གནང་བ་རེད།གྲོང་ཁྱེར་གྱི་འགོ་ཁྲིད་ཀྲའོ་ཧུའེ་ཉན་དང་།ཧོ་ཕུང་།འཇམ་དབྱངས་བློ་གྲོས།ཧོང་རུང་ཅན།ཀྲང་ཏིང་ཁྲེང་།ལིན་ཡུང་།ཝང་ཧུའེ།ལི་ཅང་ཤིན།སྐལ་བཟང་ཚེ་བསྟན།མ་ཝུན་ཆིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད།གྲོང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐད་ཅི་ཞིག་ཡིན་པ་དང་།ཅི་ཞིག་སྦྱོང་བ།ཅི་ཞིག་སྒྲུབ་པ་བཅས་ལ་དམིགས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བཞིའི་བླང་བྱ་བཏོན་པར་མ་ཟད།སྒྲིག་ཁྲིམས་རྩ་འཛིན་དུ་བྱས་ནས་སློབ་སྦྱོང་ཧུར་ཐག་དང་།སྒྲིག་ཁྲིམས་མཚམས་ཐིག་ཏུ་བྱས་ནས་ཚོད་འཛིན་ནན་པོ།སྒྲིག་ཁྲིམས་ཚད་གཞིར་བྱས་ནས་དོ་དམ་ཤུགས་ཆེན།སྒྲིག་ཁྲིམས་སྐུལ་ལྕག་ཏུ་བྱས་ནས་འགན་འཁྲི་ཤུགས་ཆེན་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་དང་།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་བ་དང་།རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་འཆར་གཞི་བཟོས་པ་དང་གཞི་རྟེན་རྣམ་པ་ཕུན་སུམ་ཚོགས་སུ་བཏང་བར་བརྟེན་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་ས་ཁག་གཅིག་ཐོན་ཡོད་པས།གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་རེད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག་ཏང་གི་སྒྲིག་ཁྲིམས་ཤེས་བྱ་གསལ་པོ་ཤེས་ཀྱི་ཡོད་མེད་འདྲི་དགོས་པ་སྟེ།གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》སློབ་སྦྱོང་བྱེད་པར་དམིགས་ནས་ཇི་མ་ཇི་བཞིན་སློབ་སྦྱོང་དང་ཡིག་འབྲུ་དང་བརྫོད་པ་རེ་རེ་བཞིན་གོ་བ་ལེན་པ་དང་། གཞུང་སྒེར་གྱི་ཉེན་ཟོན་མཚམས་ཐིག་དང་།འགྲིག་ནོར་གྱི་མཐོ་གནོན་ཐིག བརྩེ་དུང་དང་སྒྲིག་ཁྲིམས་ཀྱི་དབྱེ་མཚམས་ཐིག་བཅས་དངོས་འབྲེལ་གསལ་པོ་དང་ཡང་དག་པའི་སྒོ་ནས་དབྱེ་བ་འབྱེད་དགོས་པ།བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་ཡིན་མིན་འདྲི་དགོས་པ་སྟེ།དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་བརྗེད་མི་རུང་བར་རུལ་སུངས་དང་གཞན་གྱིས་རུལ་སུངས་བྱ་རྒྱུར་དོགས་ཟོན་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་དང་།སྒྲིག་ཁྲིམས་ཀྱི་ངེས་ཤུགས།ཀུན་སྤྱོད་ཀྱི་ངེས་ཤུགས།རུལ་སུངས་འགོག་པའི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།གནད་དོན་འཚོལ་བཤེར་གཏིང་ཟབ་ཡིན་མིན་འདྲི་དགོས་པ་སྟེ།ཐེངས་འདིའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ།ཁྱོན་ཡོངས་ནས་རང་བཤེར་རང་བཅོས་གཏིང་ཟབ་བྱེད་པ་དང་།ཏང་གི་སྒྲིག་ཁྲིམས་བརྩི་སྲུང་བྱ་རྒྱུ་དེ་རྒྱུན་ལྡན་དང་མཉམ་འདྲེས་དང་།དུས་རྒྱུན་དུ་དམ་འཛིན་བྱེད་པ།དུས་རྒྱུན་དུ་སྒྲུབ་པ་བཅས་བྱེད་དགོས།ལས་ཀའི་ངར་ཤུགས་དང་མི་འདང་འདྲི་དགོས་པ་སྟེ།ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་མི་ཞིག་གི་རྒྱབ་རྟེན་སྲ་བརྟན་དང་ལས་ཀ་སྒྲུབ་པའི་འགན་སྲུང་ནུས་ལྡན་དུ་འགྱུར་བར་བྱས་ཏེ་འགན་འཁྲི་འཁུར་རྒྱུའི་ཐད་འཛེམ་པ་སྤུ་ཙམ་ཡང་མེད་པར་བློ་རྩེ་གཅིག་སྒྲིམ་གྱིས་དངོས་དོན་སྒྲུབ་པ་དང་འཁྱོལ་དོན་ལ་དམ་འཛིན་བྱེད་དགོས་པའི་ནན་སྟོན་བྱས་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社