分享按钮

རང་སྐྱོང་ལྗོངས་ཀྱི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི” རིམ་སྤེལ་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་8ཉིན་གྱི་སྔ་དྲོ།“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱེད་པ་དང་ལོ་རྒྱུས་རིག་གནས་ཀྱི་རྒྱུན་བསྐྱངས་ཏེ་མཚར་སྡུག་ལྡན་པའི་དུས་རབས་ཀྱི་ལེའུ་གསར་པ་རྩོམ”ཞེས་པ་གཙོ་དོན་དུ་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”གཞིས་རྩེའི་གཙོ་གནས་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་རིག་གནས་གསར་གཏོད་གླིང་ཁུལ་དུ་སྤེལ་བ་རེད།

རིན་སྤུངས་རྫོང་རྒྱལ་མཁར་ལྷ་མོ་ཚོགས་པ་དང་རྣམ་གླིང་རྫོང་ཤངས་པ་ལྷ་མོ་ཚོགས་པས་མཉམ་འབྲེལ་ཐོག་འཁྲབ་སྟོན་བྱས་པའི་འགོ་ཚུཊ་ལྷ་མོ《རྔོན་པའི་འདོན》ཞེས་པའི་ཁྲོད། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་སྤེལ་འགོ་ཚུགས་པ་རེད། ནག་ཆུ་གྲོང་ཁྱེར་གྱི་འབྲོག་པའི་ཚོགས་པ་གསར་པས《ནག་ཆུའི་ལ་གཞས》ཞེས་པའི་ནང་བྱང་རྩྭ་ཐང་གི་ཡངས་ཤིང་རྒྱ་ཆེ་བའི་རྣམ་པ་མཚོན་པར་བྱས་པ་དང་། མངའ་རིས་ས་ཁུལ་གྱིས་ཞབས་བྲོ《གོར་ཙེ》ཞེས་པ་ནི་རྔ་རྡུང་བ་དང་འཁྲབ་རྨོག་གྱོན་ཡོད་ཅིང་། དེ་ནི་བོད་མི་རིགས་ཀྱི་གནའ་བའི་དམག་མིའི་དམག་འཁྲུག་མཚོན་པའི་གླུ་གར་ཞིག་ཡིན་པ་དང་། ཁྱད་ཆོས་ཧ་ཅང་ཆེན་པོ་ལྡན་ཡོད་པས་མི་རྣམས་ཀྱིས་བརྗེད་པར་དཀའ་བ་ཞིག་ཡོད།

བྱེད་སྒོ་ཧྲིལ་པོར་ལྟད་མོ་བ་ཚོས་ལག་ཐོགས་ཁ་པར་ཁྱེར་ནས་ངོ་མཚར་ཆེ་བའི་རྣམ་པ་དེ་ཟིན་ཐོར་འགོད་བཞིན་ཡོད་པ་དང་། ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་རྫོཊ་རྒྱུ་མེད་ལ་བྱེད་སྒོ་དེས་མང་ཚོགས་ཀྱིས་སྐབས་འདིའི་ཐོབ་སྣང་དང་།སྐྱིད་སྣང་དག་ཁོང་ཚོའི་འཛུམ་མདངས་ལས་མངོན་གྱི་ཡོད། དེ་དང་ཆབས་ཅིག་བྱེད་སྒོ་སྤེལ་ཡུལ་དུ་ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཁང་གི་དཔེ་སྟོན་ས་ཚིཊ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་རྫོང་དང་།ཤང་།གྲོང་ཚོའི་དཔེ་སྟོན་ས་ཚིགས་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་དྲུག་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་འབྱུང་ཁམས་སྲུང་སྐྱོང་ཁུལ་དང་པོར་སྒོ་བྱང་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཐེངས་འདིའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ནང་ཞུགས་མཁན་ལྷ་ས་གྲོང་ཁྱེར་གྱི་ས་ཁུལ་དང་གྲོང་ཁྱེར་6དང་། གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18སོགས་ཀྱི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པ་ཁྱོན་67ཡོད་པ་དང་། འགྲེམས་སྟོན་ནང་ཐོན་རྫས་600ལྷག་ཙམ་ཟིན་པ་དང་རིག་དངོས་23འགྲེམས་སྟོན་བྱས་ཡོད་པ་རེད།

བོད་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་དྲུང་ཆེ་བསྟན་བཟང་གིས་འདི་ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”རིང“མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་ཆེད་དོན་འཁྲབ་སྟོན”བྱས་པ་དང་།“མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང”སོགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་ནས་ལྗོངས་ཡོངས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་དྲ་ཐོག་དང་དྲ་ཕྱིའི་དྲིལ་བསྒྲགས་འགྲེམས་སྟོན་འགྲེམས་ཚོང་བྱེད་སྒོ་བརྒྱ་ལྷག་ཙམ་གཉེར་ཏེ་རྒྱ་ཆེའི་མང་ཚོགས་དང་། ཡུལ་སྐོར་བ། དྲ་གྲོགས་བཅས་ཉམས་ལེན་ཁྲོད་རིག་གནས་ཤུལ་བཞག་སྲུང་སྐྱོང་ནང་ཞུགས་ཐུབ་པ་དང་སྲུང་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ནས་དམངས་ཡོངས་ཐེ་ཞུགས་ཀྱི་འདུ་ཤེས་དང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་ཐུབ་པ་དང་། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་སྔར་བས་མཐོ་རུ་གཏོང་ཐུབ་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་ཐུབ་པ་བཅས་བྱས་ཏེ་མི་ཚང་མས་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་ནང་ཞུགས་པའི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182463.html 1 རང་སྐྱོང་ལྗོངས་ཀྱི་2024ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི” རིམ་སྤེལ་བྱེད་སྒོ་སྤེལ་བ། /enpproperty-->