分享按钮

སྟག་རྩེ་ཆུས་ཀྱི་སྒར་ས་ཞིག་ལྔ་པའི་ཚེས་ལྔའི་དུས་ཆེན་ གྱི་འགྲོ་ས་ཡག་པོ་ཞིག་ཏུ་གྱུར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་ལྷ་སའི་སྟག་རྩེ་ཆུས་ཀྱི་སྒར་ས་ཞིག་ཏུ་གུར་དཀར་པོ་གྲལ་སྟར་འགྲིག་པོས་བརྒྱབ་ཡོད་པ་མཐོང་ཡོད། སྤྲོ་གསེང་དུ་ཡོང་མཁན་གྲོང་མི་ལ་ལས་གུར་ནང་དུ་བསྲེགས་ཟས་ཟ་བ་དང་ལ་ལས་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་པ་སོགས་གང་ལྟར་ཕྱི་རོལ་ཡུལ་གྱི་མཛེས་པ་ལོངས་སུ་སྤྱོད་བཞིན་མཆིས། དེ་དང་ཆབས་ཅིག་ད་དུང་ཇའི་བྲོ་བ་མྱོང་ཆོག་པ་དང་། བོད་ལུགས་ཀྱི་གླིང་ཁར་མྱོང་རོལ་བྱེད་པ། མཛེས་ལྗོངས་ཁུལ་དུ་པར་རྒྱག་པ་བཅས་བྱེད་ཆོག་ལ། ཕྲུ་གུ་ཁྲིད་ནས་སྤྲོ་གསེང་དུ་ཡོང་མཁན་གྲོང་མི་ཚོས་ཀྱང་ཁང་པའི་ནང་དང་ཕྱི་རོལ་གྱི་སྒོ་དབྱེའི་རྣམ་པའི་བྱིས་པའི་སྤྲོ་སྐྱིད་གླིང་དུ་ཕྲུ་གུ་རྣམས་རྩེད་མོ་རྩེ་རྒྱུ་ཡོད་པ་མ་ཟད། དགོང་མོ་སྐར་ཚོགས་ས་ལ་འཕོས་པ་ལྟ་བུའི་གློག་འོད་ཁྲོད་འཆམ་འཆམ་དུ་བསྐྱོད་བཞིན་ཉམས་ལེན་བྱེད་པ་དེའང་གདམ་ག་ཡག་པོ་ཞིག་རེད།

སྤྲོ་གསེང་ལ་ཡོང་མཁན་གྲོང་མི་ལྷག་པ་དོན་གྲུབ་ཀྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་རིང་གྲོགས་པོས་ང་འདི་གར་སྤྲོ་གསེང་དུ་ཡོང་རྒྱུར་འོས་སྦྱོར་བྱས་བྱུང་། ང་རང་གནས་འདིར་ཡོང་ཐེངས་དང་པོ་ཡིན། འདི་གའི་ཁོར་ཡུག་མཛེས་པ་མ་ཟད། བཟའ་བཏུང་དང་ཞབས་ཞུ་ཡང་ཧ་ཅང་ཡག་པོ་འདུག འདི་གར་ལུས་སེམས་གཉིས་ཀ་ལྷོད་ཤིག་ཤིག་ཡོང་གི་འདུག་ཅེས་བཤད་པ་རེད།

གསར་འགོད་པས་སྟག་རྩེ་དབྱིངས་སྤྲོ་གསེང་སྒར་སའི་མཛེས་ལྗོངས་ཁུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཛེས་ལྗོངས་ཁུལ་དེ་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་དང་པོའི་ཁ་གཏད་དུ་གནས་པ་དང་ལྷ་སའི་གྲོང་ཁུལ་གཙོ་བོ་དང་བར་ཐག་སྤྱི་ལེ་20ཙམ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་མུའུ་40ཡོད་པ་རེད། མཛེས་ལྗོངས་ཁུལ་དེར་Aཁུལ་དང་། Bཁུལ། Cཁུལ་བཅས་ཁག་གསུམ་དུ་དབྱེ་ཡོད་པ་དང་། Aཁུལ་ནི་ཡུལ་སྐོར་ལྟེ་གནས(ཅང་སུའུ་ཡིས་རོགས་སྐྲུན)ཡིན་པ་དང་། ཁང་པའི་ནང་དང་ཕྱི་རོལ་ལ་སྒོ་དབྱེའི་རྣམ་པའི་བྱིས་པའི་སྤྲོ་སྐྱིད་གླིང་ཡོད་པ་རེད། Bཁུལ་དུ་སྒར་འདེབས་ཁུལ་དང་། བྱ་ཤ བོད་ལུགས་སྲོལ་རྒྱུན་གྱི་གླིང་ཁ། ཞིམ་ཟས་ཁྲོམ་གཞུང་བཅས་ཡོད། Cཁུལ་དུ་ཇ་ཁང་དང་སྐར་ཚོགས་ཁང་པ་སོགས་ཡོད་པས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་སྤྲོ་གསེང་གནས་མཆོག་ཅིག་ཡིན། མཛེས་ལྗོངས་ཁུལ་དུ་ད་དུང་རོལ་རྩེད་ཀྱི་སྒྲིག་ཆས་སྣ་ཚོགས་བཙུགས་ཡོད་པ་དེ་ནི་རོལ་རྩེད་དང་། སྤྲོ་གསེང་། ལུས་རྩལ། རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྤྲོ་གསེང་བྱ་ཡུལ་ཞིག་ཡིན་པས་ལོ་ཚོད་མི་འདྲ་བའི་ཡུལ་སྐོར་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།

སྟག་རྩེ་དབྱིངས་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་བསྟན་འཛིན་བསོད་ནམས་ཀྱིས་ང་ཚོ་སྟག་རྩེའི་དབྱིངས་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་དཔེ་སྟོན་ས་ཚིགས་ཤིག་ཡིན་པའི་ངོས་ནས་བོད་ཀྱི་རིག་གནས་ཉམས་ལེན་དང་། ལུས་གསོ། ཕ་མ་བུ་ཕྲུག་སོགས་རིགས་ཆེན་པོ་8གཅིག་སྡུད་བྱས་པའི་གྲོང་མིའི་སྤྲོ་གསེང་ས་ཚིགས་ཤིག་ཡིན། སླད་ཕྱིན་ང་ཚོས་ཞབས་ཞུའི་རྣམ་པ་མུ་མཐུད་གསར་གཏོད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་དེ་བས་སྤུས་ལེགས་དང་ཆེད་ལས་ཀྱི་སྤྲོ་གསེང་ཉམས་ལེན་མཁོ་འདོན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོས་དཔེ་སྟོན་ས་ཚིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་གྲོང་མིའི་སྤྲོ་གསེང་ས་ཚིགས་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་འཚོ་སྡོད་ལ་འཚམ་པ་དང་ཡུལ་སྐོར་ལ་འཚམ་པའི་མཛེས་སྡུག་ལྡན་པའི་ལྷ་ས་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182464.html 1 སྟག་རྩེ་ཆུས་ཀྱི་སྒར་ས་ཞིག་ལྔ་པའི་ཚེས་ལྔའི་དུས་ཆེན་ གྱི་འགྲོ་ས་ཡག་པོ་ཞིག་ཏུ་གྱུར་བ། /enpproperty-->