分享按钮

2024ལོའི་རང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་རང་གྲོང་དུ་གཉེར་བ།

(པར་ངོས་དང་པོར་མཐུད)འབྲུག་གྲུའི་སྟེང་གི་རྔ་སྒྲས་འགྲན་ཞུགས་པའི་ངར་ཤུགས་འཕེལ་བར་བྱས་པར་མ་ཟད། འགྲན་ཞུགས་པར་འགྲོས་ངེས་ཅན་ཞིག་རྒྱུན་འཁྱོངས་བྱས་ནས་འབད་བརྩོན་བྱེད་དུ་ཡང་བཅུག་པ་རེད། འགྲན་བསྡུར་དྲག་པོ་ཐེངས་གཉིས་བྱས་པ་བརྒྱུད། དཔུང་གཤིབ་མདུན་སྐྱོད་རུ་ཁག་དང་། རླབས་གཏོར་རུ་ཁག ཡུན་ལུང་རུ་ཁག་བཅས་ལ་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་པ་རེད།

རླབས་གཏོར་རུ་ཁག་གི་རུ་མི་ཀྲང་ཧུང་ཁུའེ་ཡིས་ང་ཡུན་ནན་ནས་ཡོང་བ་ཡིན། ས་མཐོའི་འགྲན་བསྡུར་ནང་ཞུགས་སྐབས་དབྱང་རླུང་མི་འདང་ཡང་སྦྱོང་བརྡར་ཆེན་པོ་ཐེབས་བྱུང་བས་ཉམས་ལེན་གསར་རྐྱང་ཞིག་རེད། དེ་རིང་ནི་ངའི་སྐྱེས་སྐར་ཡང་ཡིན་པས་ང་ཚོའི་རུ་མི་ཚོ་དང་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་བྱ་དགའ་ཨང་གཉིས་པ་ཐོབ་པར་ང་ཧ་ཅང་དགའ་པོ་བྱུང་། སང་ལོར་ང་ཚོ་སླར་ཡང་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་ཞེས་བཤད།

དཔུང་གཤིབ་མདུན་སྐྱོད་རུ་ཁག་གི་རུ་མི་བསྟན་འཛིན་རྣམ་རྒྱལ་གྱིས་འདི་ནི་རང་ལྗོངས་ཀྱིས་འགྲན་བསྡུར་འདིའི་རིགས་གཉེར་ཐེངས་དང་པོ་ཡིན་ལ། བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོ་ནི་གནས་སྐབས་སུ་བཙུགས་པའི་རུ་ཁག་ཞིག་ཡིན་པས། ཉིན་ཤས་རིང་སྦྱོང་བརྡར་བྱས་པ་བརྒྱུད་རུ་མི་ཚང་མར་མ་གྲོས་གཅིག་མཐུན་བྱུང་ཡོད། ད་ཐེངས་ཀྱི་འགྲན་བསྡུར་གྱི་རྣམ་པ་ཧ་ཅང་ཡག་པོ་འདུག་ལ། ཚང་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་རྒྱུས་ལོན་ཡང་དེ་བས་ཡག་པོ་བྱུང་ཡོད་ཅེས་བཤད།

ཐོག་མའི་དུས་སུ། བོད་རིགས་མི་དམངས་ཀྱིས་ཀོ་གྲུ་བཟོས་ནས་གཙོ་བོ་གཙང་བོ་བརྒལ་བའི་ལག་ཆ་བྱས་པ་རེད། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་བྱུང་བ་དང་བསྟུན་ནས། ཀོ་གྲུ་དེ་རིམ་བཞིན་ཐུན་མོང་མ་ཡིན་པའི་ཆུ་ཐོག་ལུས་རྩལ་རོལ་རྩེད་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད། ཀོ་གྲུ་བཟོ་བའི་ལག་རྩལ་དང་ཀོ་གྲུའི་ཞབས་བྲོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་ཡོད་པ་རེད། ད་ཐེངས་ཀྱི་ཀོ་གྲུ་འགྲན་བསྡུར་ནང་ལྗོངས་ནང་ཁུལ་གྱི་ཀོ་གྲུ་ལུས་རྩལ་པ་40ཡིས་འགྲན་ཞུགས་རུ་ཁག་20བཙུགས་ནས་འགྲན་བསྡུར་ནང་ཞུགས་ཏེ། ཚང་མར་ཀོ་གྲུའི་ཞབས་བྲོའི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མི་རིགས་སྲོལ་རྒྱུན་ལུས་རྩལ་ལ་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། འགྲན་བསྡུར་བྱས་པ་བརྒྱུད། རླབས་གཏོར་རུ་ཁག་དང་། གཙོད་རུ་ཁག ལུང་ཞང་ཞི་མ་རུ་ཁག་བཅས་ལ་ཀོ་གྲུའི་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ།

རླབས་གཏོར་རུ་ཁག་གི་རུ་མི་བཀྲ་ཤིས་ནོར་བུས་དེ་རིང་བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། འདི་ནི་ང་རང་ཀོ་གྲུའི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན། སླད་ཕྱིན་འགྲན་བསྡུར་འདིའི་རིགས་མང་ཙམ་གཉེར་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཕུལ་བྱུང་རིག་གནས་དྲིལ་བསྒྲགས་ཡག་པོ་བྱས་ཏེ། མི་དེ་བས་མང་བར་རང་མི་རིགས་ཀྱི་རིག་གནས་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་རང་ལྗོངས་ཀྱིས་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་གཉེར་ཐེངས་དང་པོ་དེ་ཡིན་ལ། རྒྱལ་ནང་གི་ས་བབ་མཐོ་ཤོས་ཀྱི་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་ཞིག་ཀྱང་རེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་དར་སྤེལ་གཏོང་བ་ཞེས་པ་གཙོ་དོན་དུ་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་ནི་རང་ལྗོངས་ཀྱིས་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་ལག་ལེན་མཐར་ཕྱིན་དུ་བསྟར་ནས་ལུས་རྩལ་གྱིས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ལུས་རྩལ་ཐོན་ལས་དང་རིག་གནས་དང་། ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཡུལ་སྐོར་བའི་མྱོང་ཚོར་སྔར་བས་ཆེ་རུ་ཕྱིན་པ་ཞིག་རེད།

ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀུའོ་ལགས་ཀྱིས་དགའ་སྤྲོའི་ངང་དེ་རིང་ལྷ་སའི་སྐྱིད་ཆུའི་འགྲམ་དུ་ཡོང་སྐབས། ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་བྱེད་པ་མཐོང་བྱུང་། དེ་སྔ་བོད་ཀྱི་ཀོ་གྲུ་མཐོང་མྱོང་མེད་པས་དངོས་སུ་མཐོང་སྐབས་ཧ་ཅང་དམིགས་བསལ་ལྡན་པ་ཞིག་རེད། ལྷ་སའི་ཡུལ་ལྗོངས་ཀྱང་ཧ་ཅང་ཡག་པོ་འདུག་ལ། གནམ་སྔོ་ཞིང་སྤྲིན་པ་དཀར་བས་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད།

འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་པ་ཚེ་རིང་བསྟན་དར་གྱིས་ད་ཐེངས་ཀྱི་འགྲན་བསྡུར་ནང་ལྗོངས་ཕྱི་ནས་ཡོང་བའི་འགྲན་ཞུགས་པ་མང་པོ་འདུག་ལ་ལྗོངས་ནང་ཁུལ་གྱི་འགྲན་ཞུགས་པ་ཡང་འདུག ལྗོངས་ཕྱི་ནང་གི་འགྲན་ཞུགས་པས་ཐུན་མོང་ཐོག་རུ་ཁག་བཙུགས་ནས་དེ་བས་ལེགས་པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཡུལ་དངོས་སུ་ཚོང་པ་ཡང་མང་པོ་ཞིག་མཐོང་ཐུབ། ལུས་རྩལ་གྱི་སྟེགས་བུ་བསྐྲུན་པ་དང་ཟློས་གར་འཁྲབ་སྟོན་སོགས་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182357.html 1 2024ལོའི་རང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་རང་གྲོང་དུ་གཉེར་བ། /enpproperty-->