ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་7ཉིན་གྱི་སྔ་དྲོ་2024ལོའི་མཐོ་རྒྱུགས་དངོས་སུ་འགོ་ཚུགས་པ་དང་། ནག་ཆུ་གྲོང་ཁྱེར་དང་མངའ་རིས་ས་ཁུལ་གྱི་རྒྱུགས་སྤྲོད་སློབ་མ་ཁག་གཅིག་ཚུད་པའི་རྒྱུགས་སྤྲོད་སློབ་མ་12430དུས་གཅིག་ཏུ་རང་གྲོང་གི་རྒྱུགས་གནས་12དང་རྒྱུགས་ར་430ལ་བསྐྱོད་དེ་མི་ཚེའི་ཁྲོད་ཀྱི་ཡིག་རྒྱུགས་གལ་ཆེ་ཤོས་དེ་བསུས་ནས་ཕུགས་འདུན་གྱི་དོན་དུ་འབད་འཐབ་བྱས་ཡོད་པ་རེད།
ཞོགས་པའི་ཆུ་ཚོད་8པར་ལྷ་ས་སློབ་འབྲིང་གི་རྒྱུགས་གནས་ནས་གསར་འགོད་པས་འགྲིམ་འགྲུལ་ཉེན་རྟོག་པས་ས་ཡུལ་དངོས་སུ་ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་རྒྱུགས་གནས་མཐའ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་རྒྱུགས་སྤྲོད་སློབ་མ་བདེ་བླག་ངང་རྒྱུགས་རར་འཛུལ་ཐུབ་པར་བྱེད་བཞིན་ཡོད་པ་རེད། རྒྱུགས་གནས་ཀྱི་འགྲམ་དུ་མཐོ་རྒྱུགས་ཤར་གཏོང་རླངས་འཁོར་དང་རྒྱུགས་སྤྲོད་སློབ་མའི་ཤར་གཏོང་རླངས་འཁོར་གྱི་མཚོན་རྟགས་སྦྱར་བའི་ཉེན་རྟོག་པའི་རླངས་འཁོར་ཆུང་གྲས་དང་ཉེན་རྟོག་པའི་སྦག་སྦག་བཞག་ཡོད་པ་མཐོང་བྱུང་། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་ས་སློབ་འབྲིང་གི་རྒྱུགས་གནས་སུ་ཁྱོན་རྒྱུགས་ར་48ཡོད་པ་དང་རྒྱུགས་སྤྲོད་སློབ་མ་1277རྒྱུགས་སྤྲོད་ནང་ཞུགས་ཡོད་པ་རེད།
རང་གྲོང་གི་རིམ་ཁག་སྡེ་ཁག་གིས་རྒྱུགས་སྤྲོད་སློབ་མ་གཙོ་བོར་བཟུང་ནས་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་ལེགས་སུ་བཏང་ཐོག་ནུས་ཤུགས་ཡོད་རྒུས་རྒྱུགས་སྤྲོད་སློབ་མའི་བདེ་འཇགས་དང་། ཕྱིར་སྐྱོད། བཟའ་བཅའ།སྡོད་གནས།འཕྲོད་བསྟེན་སོགས་ཐད་ཀྱི་ཕྱོགས་བསྡུས་འགན་ལེན་ཡག་པོ་བྱས་ཏེ་རྒྱུགས་སྤྲོད་སློབ་མར་བདེ་འཇགས་ལྡན་པའི་ཁར་སྐྱིད་སྣང་དོད་པའི་རྒྱུགས་སྤྲོད་ཁོར་ཡུག་ཅིག་བསྐྲུན་ཡོད་པ་རེད། ཡིག་རྒྱུགས་གཏོང་རིང་གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གིས་མོས་ཚོགས་གུང་གཞོན་ཚོགས་པའི་གཞོན་ནུ་ལས་དོན་ཨུ་ལྷན་དང་མཉམ་འབྲེལ་བྱས་ཏེ་གཅེས་སེམས་ཆུ་སྐྱེལ་གྱི་དང་བླངས་བྱེད་སྒོ་སྤེལ་བ་དང་བོད་ལྗོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་དམག་སེམས་ལྡན་པའི་དང་བླངས་ཞབས་ཞུའི་རུ་ཁག་གིས་ཀྱང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད།
གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་གྲོང་ཁྱེར་བྱང་རྒྱུད་རུ་ཆེན་གྱི་རུ་དཔོན་གཞོན་པ་ཚུའེ་ཁྲེང་དབྱི་ཡིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་ཛ་དྲག་གི་གནས་ཚུལ་འཕྲད་ན་གཤམ་གསལ་གྱི་བྱེད་ཐབས་གསུམ་སྤྱད་ནས་རོགས་སྐྱོར་བྱེད་ཆོག་པ་སྟེ། དང་པོ། ཉེ་འགྲམ་གྱི་འགྲིམ་འགྲུལ་ཉེན་རྟོག་པར་ཐད་ཀར་རོགས་སྐྱོར་རེ་ཞུ་བྱེད་ཆོག་པ་དང་། གཉིས་པ། 110འམ་ཡང་ན་6324629ལ་ཁ་པར་བརྒྱབ་ན་འགྲིག གསུམ་པ། རྒྱུགས་གནས་མཐའ་འཁོར་གྱི་རྒྱུགས་སྤྲོད་སློབ་མའི་ཤར་གཏོང་རླངས་འཁོར་འགྲུལ་སྐྱེལ་ལ་རོགས་སྐྱོར་རེ་ཞུ་བྱེད་ཆོག་པའི་དྲན་སྐུལ་བྱས་པ་རེད།
“ཉིན་དེའི་ཞོགས་པའི་ཆུ་ཚོད་8ཙམ་ལ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་རྒྱུགས་གནས་སུ་གསར་འགོད་པས་རྒྱུགས་སྤྲོད་སློབ་མ་མང་པོ་ཞིག་སྔ་ས་ནས་རྒྱུགས་གནས་ཀྱི་སྒོ་འགྲམ་དུ་ཡོང་བ་དང་། དགེ་རྒན་གྱི་སྣེ་ཁྲིད་འོག་བློ་སྟོབས་ཡོད་རྒུ་བཏོན་ནས་སྒྲིག་ལྡན་ངང་བདེ་འཇགས་ཞིབ་བཤེར་དང་ལག་ཁྱེར་ཞིབ་བཤེར་བྱས་རྗེས་རྒྱུགས་གནས་ར་བར་འཛུལ་ཕྱིན་པ་མཐོང་བྱུང་། རྒྱུགས་སྤྲོད་སློབ་མ་ལུའོ་ཡུས་ཧའོ་ཡིས་བྲེལ་འཚུབ་ངང་མཐོ་རྒྱུགས་ལ་གྲ་སྒྲིག་མང་པོ་བྱས་པ་ཡིན། འོན་ཀྱང་དེ་རིང་རྒྱུགས་རར་སླེབས་མ་ཐག་ཏུ་ད་དུང་འཚབ་ཀྱི་འདུག རེ་བར་རྒྱུགས་རར་སླེབས་རྗེས་དངངས་འཚབ་མི་ལངས་པ་དང་སྦྱངས་འབྲས་ཡག་པོ་ཞིག་ཐོབ་རྒྱུའི་རེ་བ་ཡོད་ཅེས་བཤད།
རྒྱུགས་སྤྲོད་ར་བའི་ཕྱི་རོལ་གྱི་ཁྱིམ་བདག་དང་དགེ་རྒན་གྱིས་ཀྱང་རང་ཉིད་ཀྱི་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་རྒྱུགས་སྤྲོད་སློབ་མར་ངར་ཤུགས་སྤྲོད་བཞིན་ཡོད། རྒྱུགས་སྤྲོད་སློབ་མའི་ཁྱིམ་བདག་ལིའུ་ལི་ཕིང་གིས་དེ་རིང་ཆེད་མངགས་ཕྲུ་གུ་ཡིག་རྒྱུགས་གཏོང་སར་སྐྱེལ་བར་ཡོང་བ་ཡིན། ལོ་གསུམ་རིང་ཕྲུ་གུས་འབད་བརྩོན་ཆེན་པོ་བྱས་ཡོད་ལ་ཁྱིམ་བདག་གིས་ཀྱང་དཀའ་ལས་ཧ་ཅང་མང་པོ་བརྒྱབ་ཡོད། ངས་དེ་རིང་ཆེད་མངགས་རྒྱ་བཟོའི་ཕྱུ་པ་གྱོན་ཡོད་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་དོན་མཚོན་ཡོད།ཕྲུ་གུས་སློབ་ཆེན་ཡག་པོ་ཞིག་ཏུ་རྒྱུགས་འཕྲོད་ཐུབ་རྒྱུའི་རེ་བ་ཡོད་ལ་མཐོ་རྒྱུགས་ནང་ཞུགས་པའི་ཕྲུ་གུ་ཚང་མའི་བསམ་དོན་ཡིད་བཞིན་འགྲུབ་པའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།
རྒྱུགས་རའི་ཕྱི་རོལ་དུ་ད་དུང་འབྲེལ་ཡོད་སྡེ་ཚན་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྱང་སྐད་གྲགས་མེད་པར་འབད་བརྩོན་བྱས་ནས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཐོ་རྒྱུགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད།
ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་དང་བླངས་པ་ལྷག་པ་སྒྲོལ་མ་ཡིས་2024ལོའི་མཐོ་རྒྱུགས་དེ་རིང་འགོ་ཚུགས་ཤིང་། ང་ཚོ་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱིས་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་རྒྱུགས་གནས་སུ་ཞབས་ཞུའི་ས་ཚིགས་བཙུགས་ཏེ་རྒྱུགས་སྤྲོད་སློབ་མ་དང་མཐོ་རྒྱུགས་ཀྱི་ལས་དོན་མི་སྣར་རིན་མེད་ངང་གཏེར་ཆུ་དང་ཤོག་བུ་སོགས་སྤྲད་དེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་རྒྱལ་ཁ་ཐོབ་རྒྱུར་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་ཡིག་རྒྱུགས་ཐེངས་དང་པོ་རྒྱ་ཡིག་ཡིག་རྒྱུགས་མཇུག་འགྲིལ་ནས་རྒྱུགས་སྤྲོད་སློབ་མ་ཚོ་གཅིག་རྗེས་གཉིས་མཐུད་ངང་རྒྱུགས་རའི་ཕྱིར་ཐོན་ཡོང་གི་ཡོད་པ་རེད།ཁོང་ཚོས་ཕན་ཚུན་གཏམ་གླེང་བྱེད་བཞིན་བློ་སེམས་བག་ཕེབས་པར་གནས། རྒྱུགས་སྤྲོད་སློབ་མ་ཚོས་ཡོངས་ཁྱབ་ཏུ་རྒྱུགས་ལེན་དཀའ་ཚད་འོས་འཚམ་ཡིན་པ་བཤད། རྒྱུགས་རའི་ནང་ནས་ཕྱིར་ཐོན་ཡོང་མཁན་རྒྱུགས་སྤྲོད་སློབ་མ་ཐོག་མར་ཏུན་ཧའོ་རན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་རྒྱ་ཡིག་ཡིག་ཚད་སླ་པོ་ཨོའོ་ཙམ་བྱུང་།འདྲི་གཞི་ཁག་པོ་དེ་ཙམ་མི་འདུག རྩོམ་ཡིག་ནི་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ནས་རྩོམ་ཡིག་ཅིག་བྲི་རྒྱུ་དེ་རེད། ངས་རྩོམ་ཡིག་གི་ཁ་བྱང་ལ《མིའི་རིགས་ཀྱི་ཡར་ཐོན་རང་བཞིན》ཞེས་བྲིས་པས་སྤྱི་ཡོངས་ནས་ཡག་པོ་བྱུང་བས་སྦྱངས་འབྲས་ཡག་པོ་ཐོབ་རེ་ཡོད་ཅེས་བཤད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社