分享按钮

(པར་ངོས་དང་པོར་མཐུད)ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྒྱུ་རྩལ་ལས་རིགས་སློབ་གསོ་དང་།ས་ཁོངས་མི་རིགས་ཀྱི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ནང་དོན་དང་རྣམ་པ་མུ་མཐུད་ཕུན་སུམ་ཚོགས་སུ་བཏང་བར་མ་ཟད།ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱས་ནས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་རོགས་རམ་བྱེད་ཀྱི་ཡོད།

ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་གདངས་ཚོགས་པ)ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་གསོ་སྦྱོང་འཛིན་གྲྭ་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི་ཆོག་མཆན་ཐོབ་པའི་ཞབས་བྲོ་འཁྲབ་སྟོན་ཆེད་ལས་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་འཛིན་གྲྭ་ཞིག་ཡིན་ཞིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས(གཞས་གདངས་ཚོགས་པ)སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་ལ་མངགས་བཅོལ་བྱས་པའི་ཁ་ཕྱོགས་གཏན་འཁེལ་གྱི་ཞབས་བྲོའི་འཁྲབ་སྟོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་ཞིག་ཡིན། 2016ལོའི་ཟླ་9པར་དཔྱད་ཞིབ་དང་འདེམས་སྒྲུག་ནན་པོ་བྱས་པ་བརྒྱུད་ཆ་སྙོམས་ལོ་10མ་ཟིན་པའི་སློབ་མ་32བདམས་ནས་སི་ཁྲོན་སྒྱུ་རྩལ་སློབ་གླིང་དུ་བསྐྱོད་དེ་དུས་ཡུན་ལོ་8ཀྱི“5+3”གཞི་གཅིག་ཅན་གྱི་སློབ་སྦྱོང་འཚོ་བ་སྐྱེལ་འགོ་ཚུགས་པ་རེད། ཁོང་ཚོས་ལོ་5ཡི་སྔོན་ལ་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་དུ་འབྲིང་རིམ་ལས་རིགས་དུས་མཚམས་ཀྱི་སློབ་སྦྱོང་ལེགས་གྲུབ་བྱས་ཤིང་། དུས་མཚམས་བསྒྱུར་བའི་ཡིག་རྒྱུགས་ཀྱི་ཚད་ལོན་རྗེས་སློབ་གྲྭ་དེ་གའི་ཞབས་བྲོའི་ཚན་ཁག་ཏུ་བསྒྱུར་ནས་ལོ་གསུམ་གྱི་མཐོ་རིམ་ལས་རིགས་དུས་མཚམས་ཀྱི་སློབ་སྦྱོང་ལས་འགན་ལེགས་གྲུབ་བྱུང་བ་དང་། སློབ་ཐོན་ཆ་རྐྱེན་དང་མཐུན་པར་སློབ་གྲྭ་ཆེ་མོའི་ཆེད་ལས་སློབ་ཐོན་ལག་ཁྱེར་སྤྲོད་རྒྱུ་མ་ཟད། མི་སྤྱི་སོགས་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་དཔྱད་ཞིབ་བརྒྱུད་རྗེས་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི(གཞས་གདངས་ཚོགས་པ)འཁྲབ་སྟོན་པ་དངོས་ཀྱི་སྒྲིག་ཁོངས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

མཛེས་སྡུག་ལྡན་པའི་ཕུགས་འདུན་དང་སྒྱུ་རྩལ་གྱི་ཕུགས་འདུན་བཅངས་ནས་ཕྲུ་གུ་32གངས་ལྗོངས་ས་མཐོ་ནས་ཁ་བྲལ་ཏེ་ལམ་ཐག་རིང་པོ་བརྒྱུད་ནས་སི་ཁྲོན་སྒྱུ་རྩལ་དང་ལག་གདང་སྦྲེལ་ཞིང་། དེ་ནས་བཟུང་སི་ཁྲོན་སྒྱུ་རྩལ་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་མཉམ་ལས་བྱས་ཏེ་ཕུལ་བྱུང་རིག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལེའུ་གསར་པ་ཞིག་བཏོད་ཡོད།

ལེ་ཚན་15ལས་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་པ།

ཐེངས་འདིའི་སློབ་ཐོན་སྙན་ཞུའི་འཁྲབ་སྟོན་ནི་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་ཞིང་། འཁྲབ་སྟོན་དེ《ཀྲུང་གོའི་གནའ་བོའི་ཞབས་བྲོའི་གཞི་རྩའི་ནུས་རྩལ》དང་། 《ཀྲུང་གོའི་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ》 《ཟློས་གར་གྱི་ཞབས་བྲོ》བཅས་ཁག་གསུམ་ལ་དབྱེ་ནས་སློབ་ཐོན་སློབ་མ་32ཀྱིས་རེས་མོས་ངང་འཁྲབ་སྟོན་བྱས་ཏེ་སྤུས་ཚད་མཐོ་བའི་ལེ་ཚན་15འཁྲབ་སྟོན་བྱས་པ་རེད།དེའི་ཁྲོད། ཀྲུང་གོའི་ཞབས་བྲོའི་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་ཏེ“པདྨའི་བྱ་དགའ”ཐོབ་པ་དང་། སློབ་གསོ་པུའུ་མཐོ་སློབ་གསར་གཏོད་རིག་གནས་ཀྱི་སྤུས་རྟགས་རྣམ་གྲངས་ནང་ཚུད་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཞབས་བྲོའི་ལེ་ཚན་གྱི་གཅིག་སྡུད་འགྲེམས་སྟོན་ནང་ཚུད་ཡོད། ཁོང་ཚོས་ཞབས་བྲོ་འཁྲབ་སྟོན་གྱི་རྣམ་པ་དེ་སྨྱུ་གུ་དང་ལང་ཚོའི་སྟོབས་ཤུགས་དེ་སྣག་ཚར་བྱས་ནས་མཛེས་སྡུག་ལྡན་པའི“ཞབས་བྲོའི་སློབ་སྦྱོང་གི་རི་མོ”ལྟ་ན་སྡུག་པ་ཞིག་བརྩམས་ནས་ལྟད་མོ་བའི་མིག་མདུན་དུ་བཤམས་ཡོད། “ཉི་འོད་འོག་རྣམ་པར་བཀྲ་བའི་སྐལ་བཟང་མེ་ཏོག”དང་འདྲ་བར་ཆེད་ལས་ཀྱི་ཞབས་བྲོའི་ཉམས་འགྱུར་དང་འཁྲབ་སྟོན་གྱི་ཆུ་ཚད་ལ་བརྟེན་ནས་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་པར་མ་ཟད། སློབ་གཉེར་གྱི་དཀའ་སྤྱད་འབད་བརྩོན་དང་། འཚར་ལོངས་ཀྱི་གྲུབ་འབྲས། ལྷག་བསམ་ཟོལ་མེད་ཀྱི་དགའ་ཞེན་བཅས་ཀྱང་མཚོན་པར་བྱས་ཡོད།

འཁྲབ་སྟོན་མཇུག་འགྲིལ་རྗེས། ཕྲུ་གུ་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ནས་ཕན་ཚུན་ལ་འཁྱུད་ཅིང་འབྲལ་མི་ཕོད་པའི་བརྩེ་བ་མངོན་པ་དང་། མ་ཡུམ་སློབ་གྲྭ་དང་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས(གཞས་གདངས་ཚོགས་པ)ལས་སྟེགས་བསྐྲུན་པར་ཐུགས་རྗེ་ཆེ་ཞུས་པ་དང་། གར་སྟེགས་ཀྱི་རྒྱབ་མདུན་ཀུན་ཏུ་རོགས་རམ་གནང་མཁན་གྱི་དགེ་རྒན་དང་གྲོགས་པོ་ཚང་མར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། འབད་འབུངས་ཧུར་བརྩོན་དང་སྙིང་རུས་མཐའ་འཁྱོངས་བྱེད་མཁན་གྱི་རང་ཉིད་ལའང་ཐུགས་རྗེ་ཆེ་ཞུས་པ་རེད།

ལོ་8རིང་གསོ་སྐྱོང་དང་སློབ་སྦྱོང་གི་ཁྲོད་བློ་རིག་འཕེལ་བར་བྱས་པ།

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཕྱོགས་མང་པོའི་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་བྱས་ཏེ་བསམ་བློ་ཆབ་སྲིད་སློབ་གསོ་དང་སློབ་ཚན་འཛུགས་སྐྱོང་ནས་ལག་ལེན་སྦྱོང་བརྡར་བར་དང་། ཆེད་ལས་སློབ་ཁྲིད་དང་འགྲན་བསྡུར་ནང་ཞུགས་པའི་སྦྱོང་བརྡར་ནས་རྒྱུན་གཏན་འཚོ་བའི་བར་གྱི་ཐད་ནས་ཕྲུ་གུ་ཚོ་ཤེས་ལྡན་མི་སྣར་འགྱུར་བའི་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་ཡོད་པ་རེད། སློབ་གྲྭར་སྡོད་རིང་། ཁོང་ཚོ་ཁྲེང་ཏུའུ་ཡི་སྐབས་31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པའི་འཁྲབ་སྟོན་སོགས་ཀྱི་ནང་ཞུགས་ནས་ཆེད་ལས་ནུས་རྩལ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གར་སྟེགས་འཁྲབ་སྟོན་གྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཝུན་ཞུའེ་ཅུས་ཀྱིས་ལོ་མང་པོའི་རིང་། སློབ་གླིང་གིས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་།སློབ་གྲྭ་དང་ས་གནས་མཉམ་ལས་བྱས་ནས་མི་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ཐེངས་འདིའི་བྱེད་སྒོ་གཉེར་བ་ནི་སློབ་གླིང་གིས་སློབ་ཡུན་རིང་པོའི་ལམ་ལུགས་ལག་བསྟར་བྱས་པའི་མི་སྣ་གསོ་སྐྱོང་གི་གྲུབ་འབྲས་ལ་གཅིག་སྡུད་ཐོག་ཞིབ་བཤེར་བྱས་པ་ཞིག་ཡིན་པར་མ་ཟད། སློབ་གླིང་གིས་ལོ་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྤེལ་བའི་གསོན་ཉམས་ལྡན་པའི་འགྲེམས་སྟོན་ཞིག་ཀྱང་རེད། སླད་ཕྱིན་སློབ་གླིང་གིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་།སྒྱུ་རྩལ་ལས་རིགས་སློབ་གསོའི་ལེགས་ཆ་དང་ཁྱད་ཆོས་མངོན་པར་བྱས་ནས་སྒྱུ་རྩལ་ལས་རིགས་སློབ་གསོའི་གསར་གཏོད་ལག་ལེན་རྟེན་གཞི་དང་། མི་རིགས་རིག་གནས་སྒྱུ་རྩལ་ལག་རྩལ་རྒྱུན་འཛིན་རྟེན་གཞི། ཞབས་ཞུའི་འཕེལ་རྒྱས་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་རྟེན་གཞི་བཅས་བཏོད་དེ།རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་དང་། སློབ་གསོར་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་བཅས་ལ་སི་ཁྲོན་སྒྱུ་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 6 6 拉萨日报藏文 c182260.html 1 /enpproperty-->