ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་6ཚེས་6ཉིན་ནི་རྒྱལ་ཡོངས་ཀྱི་མིག་གཅེས་ཉིན་མོ་ཐེངས་29པ་དེ་ཡིན་པ་དང་། འདི་ལོའི་དྲིལ་བསྒྲགས་ཀྱི་གཙོ་དོན་ནི“སྤྱི་ཡོངས་ཀྱི་མིག་གི་བདེ་ཐང་ལ་དོ་ཁུར་བྱེད”ཅེས་པ་དེ་ཡིན་ཞིང་། མིག་ནི་སེམས་ཀྱི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་པ་དང་། མིའི་རིགས་ཀྱི་ཚོར་བྱེད་དབང་པོའི་ནང་གི་ཧ་ཅང་གལ་ཆེ་བའི་དབང་པོའི་གྲས་ཤིག་ཡིན། མིག་སྤྱོད་ཀྱི་གོམས་གཤིས་ཡག་པོ་མེད་པ་དེས་མིག་ལ་ནད་གཞི་ཕོག་ནས་ལུས་སེམས་བདེ་ཐང་ལ་གནོད་པ་དང་། ལྷག་པར་དུ་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་རྒྱ་ཁྱབ་ངང་བེད་སྤྱོད་བྱེད་པ་དང་བསྟུན་ནས་མིག་སྐམ་པའི་ནད་དང་། མིག་ཤེད་ཉམས་པ་སོགས་མི་མང་པོ་ཞིག་ལ་མིག་ནད་རིགས་ཀྱི་ནད་གཞི་སྣ་ཚོགས་ཐོན་བཞིན་ཡོད།
ཕྲུ་གུས་རྒྱུན་དུ་གློག་རྡུལ་ཐོན་རྫས་སྤྱོད་མང་བའི་རྐྱེན་གྱིས་རྒྱང་སྒྲིབ་ཕོག་འདུག སྔོན་ནས་སྔོན་འགོག་མ་བྱས་པར་འགྱོད་པ་སྐྱེ་ཡི་འདུག་ཅེས་དང་།ང་ཉལ་ནས་ལག་ཐོགས་ཁ་པར་རྩེད་རྒྱུར་དགའ་པོ་ཡོད།ཉེ་དུས་མིག་གཡས་པས་ཅ་དངོས་ལ་ལྟ་སྐབས་གསལ་ལ་མི་གསལ་ལས་མཐོང་གི་མིན་འདུག མིག་སྤྱོད་ཀྱི་གོམས་གཤིས་ངན་པར་ཇི་ལྟར་བྱས་ནས་འགྱུར་ལྡོག་གཏོང་ཐུབ་བམ་སོགས། ཚེས་6ཉིན་གྱི་ཕྱི་དྲོར། གསར་འགོད་པས་གོང་གསལ་གྱི་གནད་དོན་ལ་གཞིགས་ནས་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དུ་བསྐྱོད་དེ་ལས་ཀར་ཞུགས་ནས་ལོ་13སོང་བའི་ལས་གཉེར་སྨན་པ་ལུའེ་ཡའོ་ཧུའེ་ལ་ཇི་ལྟར་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་མིག་སྤྱོད་པ་དང་།རྒྱང་སྒྲིབ་སྔོན་འགོག་བྱེད་དགོས་པའི་བློ་འདྲི་བྱས་པ་རེད། བོད་ལྗོངས་ཧྥུའུ་ཁང་སྨན་ཁང་གི་དབང་པོ་ལྔའི་ཚན་ཁག་གི་ལས་གཉེར་སྨན་པ་ལུའེ་ཡའོ་ཧུའེ་ཡིས་ང་ཚོའི་རྒྱུན་གཏན་གྱི་སློབ་སྦྱོང་དང་ལས་ཀའི་ཁྲོད་མིག་ཤེད་ཀྱི་གནོན་ཤུགས་ཆེ་ཙམ་ཡོད་པས། རྟག་ཏུ་མིག་ཤེད་ཉམས་པ་དང་། མིག་སྦོས་པ་དང་ན་ཚ་གཏོང་བ། མིག་ཚ་བ། མིག་སྐམ་པོ་ཆགས་པ་སོགས་ཀྱི་ཚོར་སྣང་ཡོང་གི་ཡོད་པས་ང་ཚོས་རྒྱང་ལྟ་བྱེད་པའམ་ཡང་ན་མིག་བཙུམས་ནས་ངལ་གསོ་རྒྱག་པ། དེ་བཞིན་མིག་གི་ཉེ་འཁོར་ལ་ཆུ་ཚ་པོའི་རླངས་པ་སྦྱར་བ་སོགས་བྱས་ནས་མིག་གི་ཤ་གནད་ལྷོད་དུ་གཏོང་ཐབས་བྱེད་དགོས་ཞེས་བཤད།
ལུའི་ཡའོ་ཧུའེ་ཡིས་ཚང་མར་མིག་གི་བདེ་ཐང་ལ་སྲུང་སྐྱོང་དང་། རྒྱང་སྒྲིབ་སྔོན་འགོག རྒྱང་སྒྲིབ་ནད་ལྕི་རུ་མི་འགྲོ་བ་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། རྒྱང་སྒྲིབ་ཀྱི་ནད་རྟགས་གཏན་འཁེལ་བྱས་ཚེ་ངེས་པར་དུ་སྨན་བཅོས་བྱེད་དགོས། གལ་ཏེ་སྨན་བཅོས་བྱས་ཚེ་མིག་ཤེད་ཇི་ཞན་དུ་འགྲོ་ཡི་ཡོད་པས་མིག་ཤེལ་འདོགས་རྒྱུ་ནི་རྒྱུན་སྤྱོད་ཀྱི་བྱ་ཐབས་ཤིག་རེད། མིག་ཤེལ་གང་འདྲ་ཞིག་རྒྱག་དགོས་མིན་དེ་སྨན་པའི་མཛུབ་སྟོན་ལ་ཉན་དགོས་ཤིང་། མིག་ཤེལ་རྒྱུན་དུ་རྒྱག་དགོས་པ་དང་། ལོ་ཕྱེད་སོང་རྗེས་སླར་ཡང་བརྟག་དཔྱད་ཐེངས་རེ་བྱེད་དགོས་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社