分享按钮

ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་འཛིན་གྲྭའི་ཀྲུའུ་རེན་དུས་ཆེན་སྐབས་དང་པོ་གཉེར་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགེ་རྒན་ནི་སྲིད་པའི་སྒྲོན་མེ་ཡིན་པས་མ་རིག་པའི་མུན་པ་སེལ་བཞིན་ཡོད། ཉེ་ཆར། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞིའི་བྱེད་སྒོའི་ལྟེ་གནས་སུ་མེ་ཏོག་འདེབས་འཛུགས་དང་། མི་སྣ་གསོ་སྐྱོང་ཞེས་པ་གཙོ་དོན་དུ་བྱས་པའི་འཛིན་གྲྭའི་ཀྲུའུ་རེན་དུས་ཆེན་སྐབས་དང་པོ་གཉེར་བ་དང་། སློབ་གྲྭའི་འགོ་ཁྲིད་དང་འཛིན་གྲྭའི་ཀྲུའུ་རེན་ཡོངས་ཞུགས་ཡོད་པ་རེད།

ཡུལ་དངོས་སུ་ཚང་མས་སློབ་གྲྭའི་འཛིན་གྲྭའི་ཀྲུའུ་རེན་གྱི་ཆེད་དོན་བརྙན་ལམ་དང་དེ་བཞིན་སློབ་གྲྭའི་རོལ་དབྱངས་ཁང་གི་སློབ་མས་འཁྲབ་སྟོན་བྱས་པའི་ཞབས་བྲོ་སྟེ《ང་ཚོའི་བདེ་སྐྱིད་ལྡན་པའི་དུས་རབས》དང《སྣང་བ་སྐྱིད་པོ》སོགས་ལ་མཉམ་དུ་གཟིགས་པ་རེད། ཡུལ་དངོས་སུ་ད་དུང་གཞོན་ནུ་གཞས་པ་གདན་དྲངས་ཡོད་པ་དང་། ཁོང་ཚོས་སྙན་ཞིང་འཇེབས་པའི་གླུ་སྒྲའི་ཐོག་ནས་འཛིན་གྲྭའི་ཀྲུའུ་རེན་ཚོར་སྨོན་འདུན་བཟང་པོ་ཞུས་པ་རེད། ཕྱོགས་གཞན་ཞིག་ཏུ་སློབ་མ་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་ལག་བྲིས་རྟེན་འབྲེལ་བྱང་བུ་དང་། རང་རྩོམ་སྙན་ངག བརྙན་ལམ་གྱི་སྨོན་འདུན་བཅས་དང་། དེ་བཞིན་སློབ་གྲྭའི་འགོ་ཁྲིད་ཀྱིས་འཛིན་གྲྭའི་ཀྲུའུ་རེན་ཡོངས་ལ་མཇལ་དར་དང་མེ་ཏོག་ཕུལ་བ་རེད། དེ་དག་ཚང་མས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་འཛིན་གྲྭའི་ཀྲུའུ་རེན་འཛུགས་སྐྲུན་ལ་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་མཚོན་ཡོད་ལ། སློབ་གསོའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། སློབ་མས་བརྩི་འཇོག་བྱེད་པ། ཁྱིམ་བདག་གིས་ཡིད་ཆེས་བྱེད་པ། སྤྱི་ཚོགས་བློ་ཡིད་ཚིམ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་འཛིན་གྲྭའི་ཀྲུའུ་རེན་གྱི་དཔུང་ཁག་ཅིག་སྐྲུན་པའི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གཉིས་པ་པུའུ་ཡི་ཀྲུའུ་རེན་བདེ་དབྱང་གིས་ད་ཐེངས་འཛིན་གྲྭའི་ཀྲུའུ་རེན་ཚོ་མཉམ་འཛོམས་བྱས་ཏེ། སྤྲོ་སྣང་ལྡན་པའི་ཇ་སྟོན་ཚོགས་འདུའི་རྣམ་པའི་ཐོག་ནས་ཕན་ཚུན་ལ་རང་རང་སོ་སོའི་ལས་ཀའི་ཉམས་མྱོང་སྤེལ་རེས་བྱས་ཏེ། སླད་ཕྱིན་གྱི་འཛིན་གྲྭའི་ཀྲུའུ་རེན་གྱི་ལས་དོན་ལ་ནུས་པ་ཡག་པོ་བཏོན་ནས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182203.html 1 ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གིས་འཛིན་གྲྭའི་ཀྲུའུ་རེན་དུས་ཆེན་སྐབས་དང་པོ་གཉེར་བ། /enpproperty-->