2024ལོའི་ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་53པ་དེ་རེད། ཉིན་དེར་“6·5”འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་ཁྲོམ་གཞུང་དང་། ཁོར་ཡུག་སྲུང་སྐྱོང་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོ། ཆུ་ཁུངས་ཁོར་ཡུག་གཙང་སྦྲའི་ཏང་གི་གཙོ་དོན་ཉིན་མོ་སོགས་ཀྱི་བྱེད་སྒོ་ལྷ་སར་སྤེལ་བ་དེའི་དམིགས་ཡུལ་ནི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་ནས་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་དོན་གཉེར་དུ་འགྱུར་བར་བྱ་རྒྱུ་དེ་རེད།
ལྗོངས་དང་གྲོང་ཁྱེར་གྱི་ཚན་པ་ཁག
ཟླ་6ཚེས་5ཉིན་འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་ཁྲོམ་གཞུང་གི་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་དང་།རང་སྐྱོང་ལྗོངས་རིམ་པའི་ཚན་པ་23དང་གྲོང་ཁྱེར་ཐད་གཏོགས་ཚན་པ་42ཀྱིས་ཁག་བགོས་ཁུལ་དུ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།
སྔ་དྲོའི་ཆུ་ཚོད་10པར།གཡུ་ཐོག་ལམ་དུ་འཁྲུག་ཆ་དོད་ཅིང་།འབྲེལ་ཡོད་ཚན་པ་ཁག་གིས་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། དོགས་གནད་ལ་ལན་འདེབས་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཁྱབ་སྤེལ། སྐྱེ་ཁམས་ཤེས་དཔལ་དར་སྤེལ་བཅས་བཏང་བས། གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། ཁོང་ཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་སྤྲོ་སེམས་ཀྱང་འཕེལ་ཡོད།
ཉེ་བའི་ལོ་ཤས་རིང་།ལྷ་ས་གྲོང་ཁྱེར་གྱིས་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོ་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “6·5”འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ནི་གྲུབ་འབྲས་དེ་དག་འགྲེམས་སྟོན་བྱས་པ་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་གྲོང་མི་མང་ཚོགས་ལ་སྐྱེ་ཁམས་ཤེས་དཔལ་གྱི་སློབ་གསོ་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད།
ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བདེ་ཆེན་སྒྲོལ་དཀར་གྱིས་ཕྱིས་འབྱུང་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བླངས་ཞབས་ཞུའི་བྱེད་སྒོ་དང་། ཁོར་ཡུག་སྲུང་སྐྱོང་གི་གཙོ་དོན་འཆད་ཁྲིད། གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་ལ་ཟུག་ནས་སྤྱི་ཚོཊ་ཡོངས་ཀྱི་ཐུན་མོང་གི་དོན་གཉེར་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
གཞན་ཡང་།བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གྲོང་མིར་དམངས་དོན་ཁྲིམས་གཞུང་དང་། ཟོག་རོ་མེད་པའི་གྲོང་ཁྱེར་འཛུགས་སྐྲུན། གད་སྙིགས་རིགས་དབྱེ་སོགས་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་དང་དེ་བཞིན་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་ཤེས་བྱའི་ལག་དེབ་རིགས་30ལྷག་ཙམ་གྱི་དེབ་གྲངས་5000ལྷག་ཙམ་སྤྲད་པ་དང་།ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་སོགས་དྲིལ་བསྒྲགས་དངོས་པོ་རིགས་20ལྷག་ཙམ་གྱི་གྲངས་3000ལྷག་ཙམ་སྤྲད་པ་རེད། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་ཁག་གིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་ནང་དོན་ལ་དམིགས་ནས་བྱེད་སྒོ་སྤེལ་ཡུལ་གྱི་མང་ཚོགས་ལ་རིགས་ཁག་གི་དྲིལ་བསྒྲགས་དཔྱད་ཡིག་རིགས་110ལྷག་ཙམ་གྱི་གྲངས་20000ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་རིགས་80ལྷག་ཙམ་གྲངས་འབོར་18000ལྷག་ཙམ་སྤྲད་ཡོད།
ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ།
ཟླ་6ཚེས་4ཉིན།ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱིས་གླིང་ཁུལ་གྱི་མི་20ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁོར་ཡུག་སྲུང་སྐྱོང་སྤྱི་དམངས་ལ་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་།ལྷ་སའི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་སྐོར་བྱས་པ་རེད། ཡུལ་དངོས་སུ་ཚང་མས་འདམ་སྐྱུར་འཁོར་ཁང་དང་། བཙོག་ཆུ་གཙང་སེལ་སྒྲིག་ཆས་འཁོར་སྐྱོད། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད། ཁོར་ཡུག་སྲུང་སྐྱོང་གི་འཕེལ་རིམ།བཙོག་ཆུ་ཇི་ལྟར་བྱས་ནས་རིམ་པ་རེ་རེ་བཞིན་གཙང་འགྱུར་བྱེད་པ་དང་དྭངས་གཙང་གི་བསྐྱར་སྐྱེས་ཆུ་རུ་འགྱུར་བ་སོགས་ལ་ལྟ་སྐོར་བྱས་པ་རེད།ཡུལ་དངོས་སུ་འགྲེལ་བཤད་པས་བཟོ་རྩལ་གྱི་སྤྱིའི་བརྒྱུད་རིམ་དང་དེ་བཞིན་དེ་མཚུངས་ཀྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་དཔྱད་གྲངས་དང་། ཇི་ལྟར་བྱས་ནས་ཆུའི་སྦགས་བཙོག་ཉུང་དུ་གཏོང་རྒྱུ་དང་ཆུ་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་།ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚན་རིག་དང་མཐུན་པའི་སྦགས་བཙོག་བཅོས་སྐྱོང་གི་གལ་ཆེའི་རང་བཞིན་ཚོར་ཐུབ་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པའི་རང་འགུལ་འདུ་ཤེས་སྔར་བས་ཆེ་རུ་བཏང་བ་རེད། ལྷ་ས་གྲོང་ཁྱེར་བཙོག་ཆུ་གཙང་སེལ་བཟོ་གྲྭའི་གཉེར་སྐྱོང་ཅིང་ལི་ཁྲེན་ཐའེ་ཧྭས་ང་ཚོའི་བཙོག་ཆུ་གཙང་སེལ་བཟོ་གྲྭ་སྤྱི་དམངས་ལ་སྒོ་འབྱེད་པའི་དམིགས་ཡུལ་ནི་འབྲེལ་ཟམ་ཞིག་བསྐྲུན་ནས་ཚན་པ་ཁག་དང་མི་སྣ་མི་འདྲ་བ་ལྟ་སྐོར་བྱེད་དུ་བཅུག་སྟེ་ཁོང་ཚོས་བཙོག་ཆུ་གཙང་སེལ་བཟོ་གྲྭར་སྔར་བས་ཐད་ཀར་ཤེས་རྟོགས་ཐུབ་པ་དང་།འཚོ་བའི་བཙོག་ཆུ་ནས་དྭངས་གཙང་དུ་འགྱུར་བའི་བརྒྱུད་རིམ་ཧྲིལ་པོར་ཤེས་རྟོགས་ཐུབ་པར་བྱས་ནས་ཁོང་ཚོའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཕེལ་བར་བྱ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སི།
ཟླ་6ཚེས་4ཉིན།བོད་ལྗོངས་པོ་རུའེ་སྤྱི་པའི་ཞབས་ཞུ་ཚོགས་པ་ཚད་ཡོད་ཀུང་སིའི་ལས་ཁུངས་ཏང་ཀྲི་པུའུ་དང་མཉམ་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་ཏང་ཀྲི་པུའུ་ཡིས་རྔ་ཆེན་ཆུ་བཟོ་གྲྭའི་ཆུ་ཁུངས་སྲུང་སྐྱོང་ཁུལ་དུ་ཆུ་ཁུངས་ཁོར་ཡུག་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་ཆུ་ཁུངས་ཁོར་ཡུག་གཙང་སྦྲའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་།
རྔ་ཆེན་ཆུ་བཟོ་གྲྭའི་ཆུ་ཁུངས་སྲུང་སྐྱོང་ཁུལ་ནི་ལྷ་ས་གྲོང་ཁྱེར་ཁུལ་གྱི་འཐུང་ཆུའི་ཆུ་ཁུངས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དང་། སློབ་གསོ་གྲོང་། སྟོད་ལུང་དཔལ་འབྱོར་གསར་སྤེལ་Aཁུལ་བཅས་ཀྱི་རང་འབབ་ཆུ་མཁོ་འདོན་བྱེད་པའི་ཆུ་ཁུངས་ཤིག་རེད། བྱེད་སྒོའི་ཁྲོད་ཏང་ཡོན་ལས་བྱེད་པ་ཚོས་དང་བླངས་ཞབས་ཞུའི་སྟོད་གོས་དམར་པོ་གྱོན་ནས་ལག་ཏུ་སྐམ་པ་དང་གད་སྙིགས་ཁུག་མ་སོགས་གཙང་སེལ་ཡོ་བྱད་བཟུང་ནས་རྔ་ཆེན་ཆུ་བཟོ་གྲྭའི་ལྷ་ས་སྐྱིད་ཆུའི་འགྲམ་གྱི་ཆུ་ཁུངས་སྲུང་སྐྱོང་ཁུལ་ནང་གི་སྔོ་ཁེབས་སྔོ་འགྱུར་ཁུལ་གྱི་འགྱིག་ཁུག་དང་། ཤོག་བུ། ཤེལ་དམ་སྟོང་པ་སོགས་གད་སྙིགས་སྒྲུག་ནས་གཙང་སེལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་རང་འབབ་ཆུ་ཀ་ལ་ཀུང་སིའི་རྔ་ཆེན་ཆུ་བཟོ་གྲྭའི་བཟོ་གྲྭའི་འགོ་འཛིན་གཞོན་པ་ཧྲེན་ཡ་ཧུའེ་ཡིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྔ་ཆེན་ཆུ་བཟོ་གྲྭའི་ཆུ་ཁུངས་ཀྱི་ཁོར་ཡུག་སྤུས་ཚད་དང་ལས་བྱེད་པ་དང་ལས་བཟོ་བའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་།ཆུ་དྭངས་རི་སྔོན་ནི་གསེར་རི་ཡིན་ཞེས་པའི་འདུ་ཤེས་དེ་བསམ་བློ་དང་ལས་ཀའི་ནང་འདྲེས་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་ཞེས་བཤད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社