(པར་ངོས་དང་པོར་མཐུད)ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་དང་པོ་སོགས་ཀྱི་རྒྱུགས་གནས་ཁག་ལ་ཕེབས་ནས།རྒྱུགས་གནས་ཁག་གི་རྒྱུགས་དཔོན་རྒན་པ་དང་རྒྱུགས་དཔོན་གཞོན་པའི་འབྲེལ་ཡོད་མཐོ་རྒྱུགས་ལས་དོན་བཀོད་སྒྲིག་དང་གྲ་སྒྲིག་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་རྗེས་འབྲེལ་ཡོད་སྡེ་ཚན་ལ་འགན་འཁྲི་དམ་པོ་དང་ཞབས་ཞུའི་འགན་ལེན་ཞིབ་ཚགས་བྱས་ཏེ་མཐོ་རྒྱུགས་བདེ་འཇགས་ཀྱི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོའི་ངང་མངོན་འགྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། རྒྱུགས་གནས་ཚང་མར་ཕེབས་སྐབས་ཝང་མིང་ཀྲེས་རྒྱུགས་གནས་ཁག་གི་རྒྱུགས་གནས་བཀོད་སྒྲིག་གནས་ཚུལ་དང་ཚད་ལྡན་ཅན་གྱི་རྒྱུགས་གནས་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་དང་རྒྱུགས་གནས་བཀོད་སྒྲིག་དང་། དུས་ཚོད། དབྱིན་སྐད་ཉན་ནུས་རྒྱུགས་ལེན་མ་ལག་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་ཚུལ་སོགས་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་རེད། ལྟ་སྐུལ་ཚོད་འཛིན་ལྟེ་གནས་སུ།ཝང་མིང་ཀྲེས་བརྙན་ལམ་ལྟ་སྐུལ་ཚོད་འཛིན་མ་ལག་གི་འཁོར་སྐྱོད་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་དང་འབྲེལ།རྒྱུགས་ལེན་ལྟ་སྐུལ་པའི་ཆེད་ལས་གསོ་སྦྱོང་དང་འགན་འཁྲིའི་འདུ་ཤེས་ཐད་བླང་བྱ་བཏོན་གནང་བ་རེད། ཁོང་གིས་རྒྱུགས་ལེན་ལྟ་སྐུལ་པ་ནི་རྒྱུགས་ལེན་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པའི་འགག་རྩའི་སྟོབས་ཤུགས་ཤིག་ཡིན་པས།ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་བྱས་ནས་རྒྱུགས་ལེན་གྱི་དྲང་གཞག་རང་བཞིན་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཞིབ་བཤེར་གནང་རིང་། ཝང་མིང་ཀྲེས་ད་དུང་རྒྱུགས་གནས་ཁག་གི་རྒྱུགས་དཔོན་རྒན་པ་དང་རྒྱུགས་དཔོན་གཞོན་པ་རྣམས་ལ་རྒྱུགས་གནས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་དོན་འཁྱོལ་བྱས་ཚུལ་དང་། མཐའ་འཁོར་གྱི་འཛེར་སྒྲ་དང་ཁོར་ཡུག་བཅོས་སྐྱོང་བྱ་ཐབས་དོན་འཁྱོལ་བྱས་ཚུལ། རྒྱུགས་གནས་དང་མཐའ་འཁོར་གྱི་བདེ་འཇགས་དང་། འགྲིམ་འགྲུལ།མེ་ཟོན་བདེ་འཇགས་ཀྱི་ལས་དོན་དོན་འཁྱོལ་བྱས་ཚུལ་བཅས་ལ་མཁྱེན་རྟོགས་གནང་བ་དང་། རྒྱུགས་གནས་ཁག་གི་ནང་ཁུལ་དང་མཐའ་འཁོར་གྱི་གློག་སྐུད་ཉམས་གསོ་བྱས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས་རྒྱུགས་ལེན་རིང་།གྲོང་ཁྱེར་རྒྱུགས་དོན་བཀོད་འདོམས་ལྟེ་གནས་དང་། རྒྱུགས་ཤོག་གསང་སྲུང་ཁང་། དེ་བཞིན་རྒྱུགས་གནས་ཀྱི་གློག་གཏོང་བཅས་རྒྱུན་ལྡན་ལྟར་ཡོང་བར་བྱས་པ་རེད། རྒྱུགས་གནས་ཁག་གིས་ཡིག་རྒྱུགས་ཀྱི་བརྒྱུད་རིམ་དང་འཕྲལ་སྡོམ་སྔོན་ཇུས་ཞིབ་ཕྲ་བཟོས་ཡོད་པ་མཁྱེན་རྗེས།ཝང་མིང་ཀྲེས་རྒྱུགས་གནས་ཁག་གི་ལས་དོན་ལ་ཁས་ལེན་བྱས་པ་དང་འབྲེལ།ལས་དོན་པ་ཡོངས་ལ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མཐའ་འཁྱོངས་བྱས་ནས་མཐོ་རྒྱུགས་ལས་དོན་བདེ་བླག་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད། ད་ཐེངས་ཀྱི་ཞིབ་བཤེར་ཐོག་ནས་སྲིད་གཞུང་གིས་མཐོ་རྒྱུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་བདེ་བླག་ངང་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། ལྷ་ས་གྲོང་ཁྱེར་གྱིས་མུ་མཐུད་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་པོ་བཏོན་ནས་རྒྱུགས་སྤྲོད་སློབ་མ་ཚང་མས་དྲང་གཞག་དང་འདྲ་མཉམ་གྱི་ཁོར་ཡུག་ཁྲོད་རང་ཉིད་ཀྱི་འཇོན་ཐང་མངོན་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社