ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གིས་ན་ནིང་གི་ཟླ་9ཚེས་15ཉིན། རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནང་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ཕྱི་རོལ་དུ་ལས་རིགས་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་ལས་དོན་ཐོག་མར་སྤེལ་འགོ་ཚུགས་པ་དང་། དེའི་རིང་གནམ་གཤིས་ཀྱི་ཤུགས་རྐྱེན་ཁྱད་བསད་དང་ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། མ་དཔེ་འཚོལ་བསྡུའི་ལས་དོན་གྱི་དུས་ཚོད་ལ་དམ་འཛིན་བྱས་ནས་ཉིན་ཤས་གོང་མ་དཔེ་འཚོལ་བསྡུའི་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་རེད།
དབྱར་དུས་ཀྱི་དུས་འགོར། ལྷ་ས་གྲོང་ཁྱེར་གྱི་ས་ངོས་ཀྱི་མ་དཔེ་འཚོལ་བསྡུ་མཇུག་ཤོས་དེ་སྟག་རྩེ་ཆུས་དར་རྒྱས་ཤང་དུ་སྤེལ་བ་རེད། གསར་འགོད་པས་ཡུལ་དངོས་སུ་མ་དཔེ་འཚོལ་བསྡུ་བྱེད་མཁན་གྱིས་གནས་གཏན་འཁེལ་བྱས་པ་དང་། མ་དཔེ་འཚོལ་བསྡུ། མ་དཔེ་མཉམ་བསྲེས། མ་དཔེ་དབྱེད་འབྱེད། ཐུམ་སྒྲིལ་རྒྱག་པ། པར་བརྒྱབ་ནས་དྲ་བའི་ཐོག་ཏུ་བསྐུར་བ་སོགས་ཆུ་ཚོད་གཅིག་ལྷག་ཙམ་གྱི་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་ལས་ཀ་བྱས་པ་བརྒྱུད། རྨོ་ཞིང་དེའི་རྨང་གཞིའི་གྲངས་གཞི་ཚང་མ་འཚོལ་བསྡུ་བྱས་ཟིན་པར་མ་ཟད། དུས་གཅིག་ཏུ་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ཆ་འཕྲིན་ཅན་གྱི་ལས་དོན་ལས་སྟེགས་ཐོག་བསྐུར་བ་མཐོང་བྱུང་།
མ་དཔེ་འཚོལ་བསྡུའི་ཡུལ་དངོས་སུ། སྤུས་ཚད་ཚོད་འཛིན་པས་མ་དཔེ་འཚོལ་བསྡུ་རུ་ཁག་གིས་བྲིས་པའི་མ་དཔེ་ས་ཆའི་ཁོར་ཡུག་དང་། ས་ངོས་ཀྱི་ཁྱད་ཆོས། ས་རྒྱུ་བེད་སྤྱོད་དང་ས་རྒྱུ་ཐོན་སྐྱེད་སོགས་ཀྱི་ཆ་འཕྲིན་ལ་ཞིབ་བསྡུར་བྱས་པ་དང་། མ་དཔེ་མཉམ་བསྲེས་ས་ཆའི་བཀོད་པ་དང་། མ་དཔེ་མཉམ་བསྲེས། དབྱེ་འབྱེད་བཞིའི་བསྲེས་སའི་མ་དཔེ་འཚོལ་བསྡུ། ཤོང་ཚད་ཀྱི་མ་དཔེ་ཡང་བསྐྱར་འཚོལ་བསྡུ་སོགས་ཀྱི་ལྷུ་ཚིགས་གལ་ཆེན་ལ་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་རེད།
ད་ཐེངས་ཀྱི་ཡོངས་བཤེར་བྱ་ཡུལ་ནི་རྨོ་ཞིང་དང་། ལྡུམ་ར། ནགས་ས། རྩྭ་ཐང་སོགས་ཞིང་སྤྱོད་ས་ཆ་དང་། བེད་སྤྱོད་མ་བྱས་པའི་ས་ཆ་ཁག་གཅིག་གི་ས་རྒྱུ་ཡིན་པ་རེད། དེའི་ནང་རྨོ་ཞིང་དང་། ནགས་ས། རྩྭ་ཐང་སོགས་ཟས་རིགས་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ས་ཞིང་ལ་གཙོ་གནད་ཐོག་བརྟག་དཔྱད་བྱེད་པ་དང་། བེད་སྤྱོད་མ་བྱས་པའི་ས་ཞིང་ལ་རྨོ་ཞིང་ཐོན་ཁུངས་གསར་སྦོལ་ཐད་བེད་སྤྱོད་བྱེད་ཆོག་མིན་ལ་གཙོ་གནད་ཐོག་བརྟག་དཔྱད་བྱས་པ་རེད། ད་ཐེངས་ཀྱི་ཡོངས་བཤེར་གྱི་ནང་དོན་ནི་ས་རྒྱུའི་དབྱིབས་དང་། རིགས། ཆ་རྐྱེན། བེད་སྤྱོད་ཀྱི་གནས་ཚུལ་སོགས་ཡིན།
ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་བོད་ཀྱི་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་དང་གནམ་གཤིས་ཆ་རྐྱེན་ལ་བརྟེན་ནས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་མ་དཔེ་འཚོལ་བསྡུའི་དཀའ་ངལ་ཆེ་ཤོས་ནི་མ་དཔེ་འཚོལ་བསྡུའི་ས་ཆའི་ཁྱབ་ཁོངས་རྒྱ་ཆེ་བ་དང་། ས་བབ་མཐོ་བ། འགྲོ་ལམ་ཡག་པོ་མེད་པ་བཅས་ཡིན་པ་དང་། དེའི་ཐོག་ད་དུང་ད་ལོའི་གནམ་གཤིས་དྲོད་ཚད་དམའ་བས་མ་དཔེ་འཚོལ་བསྡུ་བྱེད་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་དེ་རེད།
གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཧྥན་གྱིས་གྲོང་ཁྱེར་ཡོངས་ཀྱིས་མ་དཔེ་འཚོལ་བསྡུ་བྱེད་མཁན་རུ་ཁག་30ལྷག་ཙམ་བཀོད་སྒྲིག་བྱས་ནས་མ་དཔེ་འཚོལ་བསྡུ་བྱེད་སྐབས་རྒྱལ་ཁབ་ཀྱི་ལག་རྩལ་ཚད་གཞི་ལྟར། གཞི་རིམ་གྱི་ཞིང་ལས་ལག་རྩལ་པ་བརྒྱུད་རིམ་ཧྲིལ་པོར་ཞུགས་པ་དང་། སྤུས་ཚད་ལ་ཚོད་འཛིན་ནན་པོ་བྱེད་པ། མ་དཔེ་འཚོལ་བསྡུའི་དུས་ཚོད་ལ་དམ་འཛིན་བཅས་བྱས་ནས་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་དང་། ས་ཁོངས་ནང་གི་མ་དཔེ་ས་ཚིགས་2225ཡི་ས་ངོས་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་ལས་དོན་ལེགས་གྲུབ་བྱུང་ཡོད། དེ་དང་ཆབས་ཅིག་རང་གྲོང་གི་སྟོད་ལུང་བདེ་ཆེན་ཆུས་དང་། སྙེ་མོ་རྫོང་། ཁྲེང་ཀོན་ཆུས་བཅས་ཀྱིས་ཀྱང་ཕྱི་རོལ་དུ་ལས་རིགས་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་རྫོང་རིམ་པའི་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་ཡོད།
ཕྱིས་འབྱུང་། གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་རྫོང(ཆུས)ཁག་གི་ཕྱི་རོལ་དུ་ལས་རིགས་བརྟག་དཔྱད་དང་མ་དཔེ་འཚོལ་བསྡུའི་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་མུ་མཐུད་ནས་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་ནང་ཁུལ་ལས་རིགས་ཀྱི་ཞིབ་དཔྱད་ཀྱི་ལས་ཕྱོད་མགྱོགས་སུ་བཏང་ནས་ནང་ཁུལ་ལས་རིགས་ཀྱི་ལས་དོན་གྱི་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ། ད་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པར་གྲུབ་འབྲས་རགས་ཙམ་ཐོན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社