ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཀྲུང་གོ་ས་ཡོམ་ཅུས་ཀྱི《2023ལོའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་དང་རྒྱལ་ཁབ་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞིའི་གཏན་འཁེལ་དཔྱད་དཔོག་བྱས་འབྲས་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་།ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པ་2023ལོའི་རྒྱལ་ཁབ་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭར་བདམས་པ་དང་།ཉེ་ཆར།གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་པ་དང་།སློབ་གྲྭ་དེའི་དགེ་སློབ་100ལྷག་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།
བྱང་བུ་སྤྲོད་པའི་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་ལྷ་ས་གྲོང་ཁྱེར་སློབ་འབྲིང་གཉིས་པར་ཁག་སོ་སོར་རྒྱལ་ཁབ་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་དཔེ་སྟོན་སློབ་གྲྭའི་བྱང་བུ་སྤྲད་པ་དང་།སློབ་གྲྭ་གཉིས་ཀྱི་འགན་འཁུར་བས།སླད་ཕྱིན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཚན་རིག་ཁྱབ་གདལ་གྱི་ནང་དོན་རྒྱ་ཆེར་གཏོང་བ་དང་།སློབ་གསོའི་ཁྱབ་ཁོངས་ཤུགས་ཆེར་གཏོང་བ།བྱེད་སྟངས་གསར་གཏོད་བཅས་བྱ་རྒྱུ་དང་།ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་དང་།ཤེས་བྱའི་འགྲན་བསྡུར།ཡོམ་འགོག་ནང་སྦྱོང་།ཚན་རིག་ཁྱབ་གདལ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཡག་པོ་སྤེལ་ནས་སློབ་གྲྭའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་ལས་དོན་ལ་སྐུལ་འདེད་དང་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་དགེ་སློབ་ཀྱི་རང་སྐྱོབ་ནུས་པ་དང་།ཕན་ཚུན་སྐྱོབ་ནུས།བདེ་འཇགས་ཀྱི་འདུ་ཤེས་བཅས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་སློབ་གྲྭ་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་བདེ་འཇགས་འཕྲོད་བསྟེན་གཞུང་དོན་ཁང་གི་ཀྲུའུ་རེན་བློ་བཟང་དོན་གྲུབ་ཀྱིས་ང་ཚོས་འཆད་ཁྲིད་དང་།ནང་སྦྱོང་།རྒྱལ་དར་འོག་གི་གཏམ་བཤད།ལྟ་སྐོར་སློབ་སྦྱོང་སོགས་ཚུད་པའི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་བ་བརྒྱུད་སློབ་མ་ཚོས་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་དང་།རང་སྐྱོབ་ཀྱི་ནུས་པ།ཕན་ཚུན་སྐྱོབ་ནུས་བཅས་དེ་བས་ལེགས་པ་ཁོང་དུ་ཆུད་པར་བྱ་རྒྱུ་ཡིན།ཕྱིས་འབྱུང་།ང་ཚོས་ད་དུང་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
བྱེད་སྒོའི་ཁྲོད་རང་སྐྱོང་ལྗོངས་ས་ཡོམ་ཅུས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལས་རོགས་ཤའོ་ཤིན་གྱིས་དགེ་སློབ་ཚོར《ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་གཞི་རྩའི་རྒྱུན་ཤེས་དང་དེ་བཞིན་ཁ་གཏད་གཅོག་ཐབས》ཞེས་པའི་ཆེད་དོན་འཆད་ཁྲིད་གནང་བ་དང་།ཤའོ་ཤིན་གྱིས་གོ་སླ་བའི་སྐད་ཆ་དང་ཕུན་སུམ་ཚོགས་པའི་དཔེ་མཚོན་གྱི་ཐོག་ནས་ཚང་མས་ས་ཡོམ་གྱི་རྒྱུ་རྐྱེན་དང་།རིགས།གནོད་འཚེའི་རང་བཞིན།གཏོར་བཤིག་གི་རང་བཞིན་བཅས་ཤེས་རྟོགས་གསལ་པོ་བྱུང་བ་དང་།འཕྲལ་སྡོམ་ཉེན་གཡོལ་དང་།རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་རྒྱུན་ཤེས་དང་རྩལ་ནུས་སོགས་ཀྱི་ཤེས་བྱར་སྔར་བས་ཤེས་རྟོགས་ཐུབ་ནས་དགེ་སློབ་ཡོངས་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།བྱེད་སྒོ་སྤེལ་རིང་།གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ལས་དོན་པས་ད་དུང་སློབ་གྲྭའི་དགེ་སློབ་ལ་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་དངོས་རྫས་200ལྷག་ཙམ་སྤྲད་པ་རེད།
ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་མ་ཚེ་དཔལ་གྱིས་ནམ་རྒྱུན་སློབ་གྲྭས་ཀྱང་འབྲེལ་ཡོད་བྱེད་སྒོ་དེ་རིགས་སྤེལ་བས།ས་ཡོམ་ཐོན་སྐབས་རང་ཉིད་དང་མི་གཞན་ལ་ཇི་ལྟར་མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་སྲུང་སྐྱོབ་བྱེད་དགོས་པ་སློབ་སྦྱོང་ཐུབ་བྱུང་།སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ཁྲོད་ངས་ཀྱང་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱར་མུ་མཐུད་སློབ་སྦྱོང་དང་བརྒྱུད་སྤེལ་ཧུར་ཐག་བྱས་ནས་སྦྱངས་པའི་ཤེས་བྱ་དེ་འཚོ་བའི་ཁྲོད་བེད་སྤྱོད་བྱ་རྒྱུ་དང་།ལག་ལེན་ཁྲོད་བདེ་འཇགས་ཀྱི་འདུ་ཤེས་དང་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
མིག་སྔར།རང་གྲོང་དུ་རྒྱལ་ཁབ་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་4དང་།རང་སྐྱོང་ལྗོངས་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་5ཡོད་པ་རེད།གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱིས་སློབ་གསོ་སྡེ་ཚན་དང་འབྲེལ་གཏུགས་མཉམ་ལས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་ཁག་ཏུ་2024ལོའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭར་རེ་ཞུ་བྱེད་པའི་མཚམས་སྦྱོར་ལས་དོན་སྤེལ་ནས་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་ཚང་མར་ཁྱབ་པར་བྱས་ནས་སློབ་མ་གཅིག་ལ་སློབ་གསོ་བརྒྱབ་ནས་ཁྱིམ་ཚང་གཅིག་ལ་ཤུགས་རྐྱེན་ཐེབས་པ་དང་སྤྱི་ཚོགས་ཧྲིལ་པོར་སྐུལ་ཁྲིད་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་པ་རེད།
གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ལས་དོན་པ་ཕུའུ་ཤིན་གྱིས་རྗེས་མར་ཅུས་དེས་ད་ཐེངས་ཀྱི་རྒྱལ་ཁབ་རིམ་པའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་བདེ་བླག་ངང་བཙུགས་པ་གོ་སྐབས་སུ་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་གསར་པ་རྒྱུན་ཆད་མེད་པར་འཛུགས་རྒྱུ་དང་།ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཚན་རིག་ཁྱབ་གདལ་དཔེ་སྟོན་སློབ་གྲྭ་འཛུགས་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ།རྒྱ་ཆེའི་དགེ་སློབ་ཚོའི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ།སྤྱི་ཚོགས་ཡོངས་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཕྱོགས་བསྡུས་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་བཅས་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社