ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གད་སྙིགས་རིགས་དབྱེ་གཞུང་དོན་ཁང་གིས་གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་སྒྲིག་འཛུགས་བྱས་ནས་ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་དར་སྲོལ་གསར་པ་ལག་ལེན་དང་རིགས་དབྱེའི་དང་བླངས་ཞེས་པ་གཙོ་དོན་དུ་བྱས་པའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེའི་དྲིལ་བསྒྲགས་གཟའ་འཁོར་སྐབས་གཉིས་པའི་བྱེད་སྒོ་གཉེར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པས་འགྲོ་འོང་བྱེད་མཁན་གྲོང་མི་མང་ཚོགས་ལ་འཚོ་བའི་གད་སྙིགས་རིགས་དབྱེའི་མཛུབ་ཁྲིད་ལག་དེབ་སྤྲད་པ་དང་། གྲོང་མིས་ལྷ་སའི་གད་སྙིགས་རིགས་དབྱེའི་འཁྱུག་དབྱིངས་ཨང་རྟགས་དང་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་བྱས་པ། གྲོང་མིས་གད་སྙིགས་རིགས་དབྱེའི་སྐར་གསོག་དངོས་བརྗེའི་སྒོ་རྩིས་ཚོང་ཁང་གི་APPཐོ་འགོད་ཇི་ལྟར་བྱ་རྒྱུར་མཛུབ་ཁྲིད་བཅས་བྱས་པ་རེད། ཐང་ཆེན་གྱི་3Dབརྙན་ཤེལ་ཆེན་པོའི་ཐོག་གད་སྙིགས་རིགས་དབྱེའི་ཚན་རིག་ཁྱབ་གདལ་གློག་བརྙན་བསྟན་པ་དང་གསར་གཏོད་གླུ་གཞས་MVགཏོང་བ་དང་། དྲིལ་བསྒྲགས་འགྲེམས་པང་བཙུགས་པ། གད་སྙིགས་རིགས་དབྱེའི་ལན་འདེབས་པའི་མཉམ་འགུལ་རོལ་རྩེད་ཆུང་ཆུང་སོགས་ཀྱི་རྣམ་པའི་ཐོག་ནས་འགྲོ་འོང་བྱེད་མཁན་གྱི་གྲོང་མི་དང་དེ་བཞིན་ཉེ་འཁོར་གྱི་ཚོང་དུད་ལ་གད་སྙིགས་རིགས་དབྱེའི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་གྲོང་མི་མང་ཚོགས་ཀྱིས་གད་སྙིགས་རིགས་དབྱེའི་ཐད་ངོས་འཛིན་དེ་བས་གསལ་པོ་ཐུབ་པར་བྱས་ཡོད།
གྲོང་མི་ཕུར་སྐྱིད་ཀྱིས་ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ཐོག་ནས་ངས་འཚོ་བའི་གད་སྙིགས་རིགས་དབྱེའི་རྒྱུན་ཤེས་ཤེས་རྟོགས་བྱུང་། དེ་སྔ་གད་སྙིགས་རིགས་དབྱེའི་ཐད་ངོས་འཛིན་གསལ་པོ་མེད་མོད། དེ་རིང་གནོད་འཚེ་ཡོད་པའི་གད་སྙིགས་ནང་བེད་མེད་གློག་རྫས་དང་། བེད་མེད་གློག་སྐུད་དང་ཤེལ་རྟོགས།དུས་ཚོད་ཡོལ་བའི་སྨན་རྫས་སོགས་ཚུད་ཡོད་པ་ཤེས་རྟོགས་བྱུང་བས་སླད་ཕྱིན་ངས་རང་ཉིད་ལ་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་འཇགས་པར་བྱ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་དྲིལ་བསྒྲགས་ལག་དེབ་2600ལྷག་ཙམ་དང་དྲིལ་བསྒྲགས་ཡིག་ཆ་3800ལྷག་ཙམ་སྤྲད་ཡོད་པ་རེད། དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མིས་གད་སྙིགས་རིགས་དབྱེའི་སྐར་གསོག་དངོས་བརྗེའི་སྒོ་རྩིས་ཚོང་ཁང་གི་APPཐོ་འགོད་དང་། འཁྱུག་དབྱིངས་ཨང་རྟགས་དང་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་སྣང་བཅས་བྱེད་པའི་ཐོག་ནས་གད་སྙིགས་རིགས་དབྱེའི་ལས་དོན་ནང་ཞུགས་རྒྱུའི་རེ་འབོད་བྱས་པ་རེད།
གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་བསྟར་ཅུས་ཀྱི་ལས་དོན་མི་སྣ་ཏུའུ་ཤན་ཝུའེ་ཡིས། རྗེས་མར་ང་ཚོས་གད་སྙིགས་རིགས་དབྱེའི་ཐག་གཅོད་ནུས་པ་ཆེ་རུ་བཏང་སྟེ། ལོ་ཆུང་བྱིས་པ་དང་རྒན་པ་ལག་གདང་སྦྲེལ་བ་དང་། སྡེ་ཁུལ་དང་ཚོང་རའི་ནང་བསྐྱོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་རྒྱ་ཆེའི་གྲོང་མིའི་གད་སྙིགས་རིགས་དབྱེའི་གོམས་གཤིས་དང་འདུ་ཤེས་མུ་མཐུད་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社