分享按钮

(པར་ངོས་དང་པོར་མཐུད)ཐང་སྐྱ་ཤང་མོ་གྲོང་གྲོང་ཚོར་རང་འགུལ་སོན་འདེབས་འཕྲུལ་འཁོར་ཁ་ཤས་ཞིང་ནང་དུ་ཕར་འགྲོ་ཚུང་འོང་གིས་ནས་འདེབས་བཞིན་པ་དེས་མཛེས་སྡུག་ལྡན་པའི་དཔྱིད་འདེབས་ཀྱི་མཛེས་ལྗོངས་ཤིག་ཏུ་གྲུབ་ཡོད། གྲོང་མི་ངལ་གསོ་བའི་བར་གསེང་དང་བསྟུན་ནས་མོ་གྲོང་གྲོང་ཚོའི་གཞི་རིམ་གྱི་སྒྲོག་འགྲེལ་པ་བཀྲ་ཤིས་དབང་ཕྱུག་ཞིང་ནང་དུ་ཡོང་ནས་གྲོང་མིར་གཞི་རིམ་བཅོས་སྐྱོང་གི་སྒྲོག་འགྲེལ་བྱས་པ་རེད།

བཀྲ་ཤིས་དབང་ཕྱུག་གིས་ཞིང་འབྲོག་པའི་དབར་འགལ་བ་བྱུང་ཚེ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་དཔེར་ན། ཞིང་ཆུ་འདྲེན་པར་འགལ་བ་བྱུང་ཚེ་ང་ཚོས་ཡུལ་དངོས་སུ་ཆུ་ཡུར་ལ་ལྟ་ཞིབ་བྱས་ཏེ་མང་ཚོགས་ལ་ཡང་དག་པའི་སྒོ་ནས་ཞིང་ཆུ་འདྲེན་པར་ཁྲིད་སྟོན་བྱས་ནས་མཐུན་སྒྲིལ་གྱི་རྩ་དོན་གཞིར་བཟུང་གནད་དོན་ཐག་གཅོད་བྱེད་པ་དང་འགལ་བ་ཉུང་དུ་གཏོང་གི་ཡོད་ཅེས་བཤད།

སྒྲོག་འགྲེལ་བྱེད་རིང་། བཀྲ་ཤིས་དབང་ཕྱུག་གིས་ད་དུང་མིག་སྔའི་ལས་དོན་གལ་ཆེན་དང་ཟུང་འབྲེལ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་། མི་རིགས་མཐུན་སྒྲིལ། འཚོ་བའི་གོམས་གཤིས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གོ་སླ་བའི་སྐད་ཆའི་ཐོག་ནས་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ལ་སེམས་རྣལ་དུ་ཕབ་པ་དང་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་གཞི་རིམ་བརྟན་ལྷིང་དང་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་གི་ཡོད་པ་རེད།

གཞི་རིམ་གྱི་སྒྲོག་འགྲེལ་པ་ཕུད། མལ་གྲོ་གུང་དཀར་རྫོང་གིས་ད་དུང་རྫོང་ཐད་གཏོགས་ཀྱི་ཚན་པ་ཁག་གི་ཆེད་ལས་སྒྲོག་འགྲེལ་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ། དགོན་སྡེར་བཅའ་སྡོད་ལས་བྱེད་པ་དང་ཉེན་རྟོག་པའི་སྒྲོག་འགྲེལ་པ་བཅས་བཙུགས་ནས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱབ་པའི་སྒྲོག་འགྲེལ་པའི་དཔུང་ཁག་ཅིག་ཆགས་པར་བྱས་ཏེ་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་བྱས་ཐོག་ཁྲིམས་ལུགས་ལ་བརྩི་སྲུང་དང་། ཁྲིམས་ལུགས་ལ་སློབ་སྦྱོང་། ཁྲིམས་ལུགས་སྲུང་བ། ཁྲིམས་ལུགས་སྤྱོད་པ་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་རྨང་རྡོ་ལྟ་བུ་ཡིན་ལ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་རང་བཞིན་ཆེ་རུ་གཏོང་བའི་རྨང་གཞི་ཡང་ཡིན། མལ་གྲོ་གུང་དཀར་རྫོང་གིས་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བ་མཐའ་འཁྱོངས་བྱས་ཡོད། གསར་འགོད་པ་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོར་སྐྱོད་སྐབས། གྲོང་མིའི་ཁྱིམ་གྱི་སྒོའི་ཐོག་གི་མངོན་གསལ་དོད་སར་རྩ་གཉིས་ཨང་རྟགས་རེ་སྦྱར་ཡོད་པ་མཐོང་བྱུང་། ཨང་རྟགས་བཤེར་འབེབ་བྱས་ནས་ནང་དུ་འཛུལ་ཚེ་ཁྱིམ་དུད་ཀྱི་ཆ་འཕྲིན་དང་གྲོང་ཚོའི་ཏང་འཛུགས་སྐྱོང་བྱེད་སྒོ་སོགས་ཀྱི་ཆ་འཕྲིན་ཚང་མ་མཐོང་ཐུབ་ཀྱི་འདུག དེ་ནི་དག་པ་གྲོང་ཚོའི་ཤེས་དཔལ་དཔེ་སྟོན་གྲོང་ཚོའི་མ་ལག་རེད། མ་ལག་དེ་ན་ནིང་ཟླ་11པར་ཚོད་ལྟའི་འཁོར་སྐྱོད་བྱས་ཤིང་། སྤྱི་དམངས་ཀྱི་མཐའ་སྣེ་དང་། གློག་ཀླད་ཀྱི་མཐའ་སྣེ། འགྲེམས་སྟོན་བྱང་བུ་སོགས་ལས་གྲུབ་ཡོད། དག་པ་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལུའི་ལི་ཐའོ་ཡིས། དག་པ་གྲོང་ཚོའི་དུད་ཚང་རེར་རྩ་གཉིས་ཨང་རྟགས་རེ་ཡོད་པའི་མ་ལག་དེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་338ལ་ཁྱབ་ཡོད་པ་དང་། ཨང་རྟགས་བཤེར་བ་བརྒྱུད་དུད་ཚང་གི་ཆ་འཕྲིན་སོགས་ཀྱི་ནང་དོན་ཤེས་རྟོགས་ཐུབ་ཀྱི་ཡོད། མིག་སྔར། ངེད་གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལ་ས་དོན་རུ་ཁག་གིས་ཕྱོགས་ཡོངས་ནས་དུད་ཚང་དུ་བཅར་འདྲི་བྱས་ནས་ཡུལ་མིའི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་དེ་དག་ནང་འཇུག་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཞིབ་ཚགས་དང་བློ་རིག་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་བཏང་བ་དང་བཅོས་སྐྱོང་གི་ནུས་ཕྱོད་ཆེས་ཆེར་གཏོང་བའི་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད་ཅེས་བཤད།

གཞན་ཡང་མལ་གྲོ་གུང་དཀར་རྫོང་གིས་དྲ་བ་གཅིག་དང་ལས་སྟེགས་གཅིག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་ཅིང་། མིག་སྔར། ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་ཚོད་འཛིན་ཁྱབ་ཚད་ལྡབ་4མཐོ་རུ་ཕྱིན་པ་དང་། བརྙན་ཤེལ་སྐོར་ཞིབ་ཉེན་བརྡའི་ནུས་པ་ཆེ་རུ་ཆེས་ཆེར་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་བརྙན་ལམ་གྱི་མི་མཐོང་བའི་གནས་ལ་གྲལ་བཤེར་ལས་དོན་ལེགས་གྲུབ་ཟིན་པ་དང་། ཤང་དང་གྲོང་རྡལ་8དང་གྲོང་ཚོ་41ལ་ཁྱབ་པའི་གྲོང་ཚོ་ཚང་མར་ཤར་གཏོང་གི་བརྙན་ལམ་ཚོགས་འདུའི་མཐའ་སྣེའི་རྣམ་གྲངས་ཇུས་གཞི་བཟོ་བཞིན་ཡོད་པ་དང་། གྲོང་ཚོ་རིམ་པའི་ལས་དོན་སྒྲུབ་པ་སྟབས་བདེ་དང་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བཞིན་ཡོད་པ། གཞི་རིམ་བཅོས་སྐྱོང་གི་གྲོང་ཚོ་རིམ་པའི་ཞབས་ཞུའི་ལས་སྟེགས་ཚང་མ་བཅའ་སྡོད་བྱས་ཡོད་པ། གྲོང་མིས་དོན་དག་ཤོད་པ་དང་། ཧྲུའུ་ཅི་དང་སྐུ་མགྲོན་མཉམ་འཛོམས་ཚོམས་ཆེན་ཞེས་པ་སོགས་ཀྱི་རྣམ་པ་བྲེལ་འཚུབ་ཆེན་པོས་ཁྱབ་གདལ་བེད་སྤྱོད་གཏོང་བཞིན་ཡོད། རྗེས་མར། མལ་གྲོང་གུང་དཀར་རྫོང་གིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་མགྱོགས་སུ་བཏང་ནས་བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་ལེན་བྱས་ཏེ་མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱ་རྒྱུ་ཡིན་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-05 6 6 拉萨日报藏文 c182074.html 1 /enpproperty-->