ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།སེམས་ཁམས་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་ན་སོ་དར་ལ་མ་བབས་པའི་མིའི་སེམས་ཁམས་བདེ་ཐང་གི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་རྒྱུར་སྲུང་སྐྱོང་བྱ་ཆེད།ཉེ་ཆར།གྲོང་ཁྱེར་དམངས་དོན་ཅུས་ཀྱི་མཛུབ་ཁྲིད་འོག ལྷ་ས་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་ལྟེ་གནས་ཀྱིས“བདེ་ཐང་ངང་འཚར་ལོངས་དང་བློ་སེམས་གཅིག་མཐུན་གྱིས་མ་འོངས་པའི་ཆེད་དུ་སྲུང་སྐྱོབ་བྱེད”ཅེས་པའི་གཙོ་དོན་བྱེད་སྒོ་སྤེལ་བ་དང་། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་དང་།སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ། གདོང་དཀར་ཁྲོམ་གཞུང་། གནས་ཆུང་ཁྲོམ་གཞུང་དང་རིག་གནས་གསར་གཏོད་གླིང་ཁུལ། དེ་བཞིན་ཚེ་མཆོག་གླིང་ཁྲོམ་གཞུང་བཅས་ནས་ཡོང་བའི་སློབ་མ་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
ད་ཐེངས་ཀྱི་གཙོ་དོན་བྱེད་སྒོས“འཕྲུལ་སྣང་ཅན་གྱི་སྤྲོ་སྐྱིད་གླིང”བསྐྲུན་པ་དང་། འཕྲུལ་སྣང་ཅན་གྱི་ཐང་ཆེན་1དང་གཙོ་དོན་སྤྲོ་སྐྱིད་གླིང་4བཙུགས་པ་སྟེ། གཙོ་བོ་ང་ལ་སློབ་སྦྱོང་གི་ནུས་པ་ལྡན་པ་དང་། ཡིད་ཆེས་ཀྱིས་འོད་སྟོང་འཕྲོ་བ། སེམས་གསོ་བ། ཁྱེད་རང་ངའི་འགྲམ་དུ་ཡོད་ཞེས་པ་བཅས་ཀྱི་ནང་དོན་ཡིན། ལོ་ན་མི་འདྲ་བའི་སློབ་མར་དམིགས་ནས་རྨོངས་ཚོད་ངང་འགྲོ་བ་དང་། ང་ལ་ཁྱེད་ཡོད་མེད། རང་གི་རྗེས་སུ་ང་བགྲང་བ་སོགས་སེམས་ཁམས་རོལ་རྩེད་16ཇུས་འགོད་བྱས་ཡོད། སློབ་མ་ཚོས་འགག་སྒོའི་ལས་འགན་ལེགས་འགྲུབ་བྱས་པ་བརྒྱུད“འགག་སྒོ་སྒྲོལ་བའི་ལམ་ཡིག”རག་པ་དང་། ཐམ་ག་ཡོད་པའི་ལམ་ཡིག་16བསྡུས་ཚེ་སྒྲོམ་སྟེགས་གློག་སྒྲོན་དང་། སའི་གོ་ལའི་དཔེ་དབྱིབས། རྐང་རྩེད་སྤོ་ལོ་སོགས་ཀྱི་བྱ་དགའ་བརྗེ་ཆོག་གི་ཡོད། བྱེད་སྒོ་སྤེལ་ཡུལ་གྱི་རྣམ་པ་འཁྲུག་ཆ་དོད་པ་དང་དགོད་སྒྲ་རྒྱུན་ཆད་མེད་པར་གྲགས་པས་སློབ་མ་ཚོས་རོལ་རྩེད་ནང་ཧུར་ཐག་ཞུགས་ཏེ་ལུས་སེམས་རྣལ་དུ་འབེབས་པ་དང་གནོན་ཤུགས་ཆུང་དུ་གཏོང་གི་ཡོད་པ་རེད། ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་གི་སློབ་མ་བསོད་ནམས་མགོན་པོས་ད་ཐེངས་ཀྱི་བྱེད་སྒོ་ཧ་ཅང་ཡག་པོ་འདུག ང་ཚོ་སེམས་ཁམས་ཀྱི་རོལ་རྩེད་སྣ་ཚོགས་ནང་ཞུགས་པས་ཧ་ཅང་དགའ་པོ་བྱུང་། ང་ཚོའི་ལུས་སེམས་རྣལ་དུ་ཕབ་པ་དང་། གནོན་ཤུགས་ཆུང་དུ་ཕྱིན་པ། སེམས་ཁམས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་བཅས་བྱུང་སོང་། བྱེད་སྒོའི་ཁྲོད། ང་ཚོར་དྲོ་སྐྱིད་དང་ཐུགས་ཁུར་ཟབ་མོ་གནང་བ་ཚོར་བྱུང་ལ། ཕྱིས་འབྱུང་། ངས་མུ་མཐུད་སློབ་སྦྱོང་ཧུར་ཐག་བྱས་ནས་འཇོན་ཐང་ཅན་དུ་འགྱུར་རྒྱུའི་སེམས་ཐག་བཅད་དེ་ཆེན་པོ་ཆགས་རྗེས་ཕ་ཡུལ་གྱི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོ་དེ་ངོ་མཚར་ཆེ་ལ་སྤྲོ་སྣང་ལྡན་པའི་རོལ་རྩེད་ཆུང་ཆུང་བརྒྱུད་སློབ་མ་ཚོའི་སྐད་ཆ་ཤོད་སྟངས་དང་། འབྲེལ་འདྲིས་ཀྱི་ཐབས་རྩལ། སེམས་ཁམས་སྙོམས་སྒྲིག སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རོལ་རྩེད་ཀྱི་ཞོར་ལ་སློབ་གསོ་ཐེབས་པ་དང་། རོལ་རྩེད་ཁྲོད་ནས་འཚར་ལོངས་ཡོང་བ་བཅས་བྱས་པས་སློབ་མ་ཚོའི་སེམས་ཁམས་ཀྱི་བྱང་ཚད་དང་ཕྱོགས་བསྡུས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ན་སོ་དར་ལ་མ་བབས་པའི་མིའི་རོགས་སྐྱོབ་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ལུའུ་དབྱང་གིས་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་མུ་མཐུད་དོ་ཁུར་བྱས་ཏེ། སྡེ་ཁུལ་དང་། སློབ་གྲྭ། སྤྱི་ཚོགས་རྩ་འཛུགས་བཅས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། དུས་བཀག་ལྟར་སེམས་ཁམས་ཟུར་ཁྲིད་དང་སྤྱི་ཚོགས་ལག་ལེན་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་ཐུན་མོང་ཐོག་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社