分享按钮

འགྱིག་སྙིགས་མེད་པར་བཟོས་ནས་མཛེས་པའི་ལྷ་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ།

རང་གྲོང་གིས་འགྱིག་སྙིགས་འགོག་པའི་གཙོ་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ད་ལོའི་ཟླ་6ཚེས་5ཉིན་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཐེངས་53པ་དེ་ཡིན་ཞིང་།ད་ལོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་གཙོ་དོན་ནི“མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ”དེ་ཡིན་པ་རེད། ཉེ་ཆར།རང་གྲོང་གིས་འགྱིག་སྙིགས་འགོག་པའི་གཙོ་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མཛེས་པའི་ལྷ་སའི་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

གསར་འགོད་པས་བྱེད་སྒོའི་ཡན་ལག་ཚོགས་ར་སྟེ་ལྕགས་པོ་རིའི་ཞིང་ཞོར་ཉོ་འཚོང་ཁྲོམ་རའི་མངོན་གསལ་དོད་པའི་གནས་སུ་འགྱིག་སྙིགས་མེད་པར་བཟོས་ནས་སྙིགས་མེད་གྲོང་ཁྱེར་གཏོད་པ་དང་།མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་པ་དང་།འགྱིག་སྙིགས་མེད་པར་བཟོས་ནས་འབྱུང་འཕྲོད་འཚོ་བ་དར་སྤེལ་གཏོང་བ་སོགས་ཀྱི་འཕྲེད་འགེལ་སྦྱར་ཡིག་བཀལ་ཡོད་པ་མཐོང་བྱུང་། ལས་ཁུངས་ཁག་གི་ལས་དོན་པས་འགྲོ་འོང་བྱེད་མཁན་གྱི་མང་ཚོགས་དང་དེ་བཞིན་ཉེ་འགྲམ་གྱི་ཚོང་པར་དྲིལ་བསྒྲགས་དཔྱད་ཡིག་དང་དྲིལ་བསྒྲགས་ཡོ་བྱད་སྤྲད་ནས་འགྱིག་སྙིགས་ཀྱི་གནོད་འཚེ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་། ཚང་མས་འགྱིག་ཁུག་བེད་སྤྱོད་ཉུང་ཙམ་བཏང་ནས་མཛེས་པའི་ལྷ་སའི་ཁོར་ཡུག་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་དྲིལ་བསྒྲགས་པས་དྲིལ་བསྒྲགས་བྱ་ཡུལ་དུ་མང་ཚོགས་དང་ཚོང་པར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྤྲོད་བཞིན་ཡོད་པ་དང་།ལས་དོན་པས་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་སྤྲོད་ཞོར་དུ་དེའི་དགེ་མཚན་ངོ་སྤྲོད་བྱས་ཡོད།

ལྗོངས་འགྱིག་སྙིགས་བཙོག་སྐྱོན་བཀག་འགོག་མཐུན་ཚོགས་ཀྱི་ཁོངས་མི་བསོད་གྲུབ་ཀྱིས་ང་ཚོའི་མཐུན་ཚོགས་ནི་2019ལོའི་ཟླ་10པར་བཙུགས་པ་ཡིན་ཞིང་།ཁོངས་མིའི་གྲས་སུ་རྒན་ཡོལ་ཞུས་པའི་ལས་བྱེད་པ་དང་། སྡེ་ཁུལ་གྱི་མང་ཚོགས།དང་བླངས་པ་སོགས་ཁྱོན་མི་500ལྷག་ཙམ་ཡོད་པ་དང་།དུས་རྒྱུན་གནས་གང་དུ་གད་སྙིགས་ཡོད་ཚེ་ང་ཚོའི་གཟུགས་བརྙན་དེ་གར་མཐོང་རྒྱུ་ཡོད། གཟའ་འཁོར་རེར་ཉུང་མཐར་ཡང་བྱེད་སྒོ་ཐེངས་རེ་སྒྲིག་འཛུགས་བྱེད་ཀྱི་ཡོད་ཅེས་བཤད།

ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་མི་ཚང་མར་འགན་འཁྲི་ཡོད་པས་འགྱིག་སྙིགས་འགོག་པར་སྤྱི་ཚོགས་ཡོངས་དང་སྤྱི་དམངས་ཡོངས་ཧུར་ཐག་ངང་ཞུགས་དགོས། ཐེངས་འདིའི་དྲིལ་བསྒྲགས་ཁྲོད་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་འགྱིག་སྙིགས་མེད་པར་བཟོས་ནས་འབྱུང་འཕྲོད་འཚོ་བ་དར་སྤེལ་གཏོང་དགོས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད་པ་དང་།རྒྱ་ཆེའི་མང་ཚོགས་ཀྱིས་རང་ཉིད་ནས་འགོ་བརྩམས་པ་དང་།ཉེ་འགྲམ་ནས་འགོ་བརྩམས་པ། རང་འགུལ་ངང་འགྱིག་སྙིགས་འགོག་པའི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་ཡོད་པས་མི་ཚང་མས་འགྱིག་སྙིགས་འགོག་པར་དོ་ཁུར་དང་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད།

ལྕགས་པོ་རིའི་ཞིང་ཞོར་ཉོ་འཚོང་ཁྲོམ་རའི་ཚོང་པ་ཀྲུང་ཆེ་གེ་མོས་དྲིལ་བསྒྲགས་ལ་ཉན་པ་བརྒྱུད།ང་ཚོས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཤེས་བྱ་མང་པོ་ཞིག་ཤེས་བྱུང་ལ་ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་ཡང་རག་བྱུང་། སླད་ཕྱིན་ང་ཚོས་འབོད་སྐུལ་དང་ལེན་ཧུར་ཐག་བྱས་ཏེ་འགྱིག་ཁུག་བེད་སྤྱོད་ཉུང་ཙམ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ཐད་སྟོབས་ཤུཊ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-04 རང་གྲོང་གིས་འགྱིག་སྙིགས་འགོག་པའི་གཙོ་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c182055.html 1 འགྱིག་སྙིགས་མེད་པར་བཟོས་ནས་མཛེས་པའི་ལྷ་སའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ། /enpproperty-->