分享按钮

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་ མུའུ་ཧན་མོ་ཏེ་དང་མཇལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)འདི་ལོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པ་དང་།ཀྲུང་ཨ་རྒྱལ་ཁབ་དབར་གྱི་འབྲེལ་བའི་སྔ་འཛིན་རྗེས་མཐུད་དང་སྔ་འཛིན་ཕྱི་གཏོད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་རེད།ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་མཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཚུལ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁ་ཕྱོགས་ཆེན་པོར་མུ་མཐུད་དམ་འཛིན་ནན་པོ་བྱས་ཏེ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་རང་བཙན་རང་བདག་གི་འཕེལ་རྒྱས་འགྲོ་ལམ་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་དང་།ཨ་རབ་མཉམ་འབྲེལ་མཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་།བདེ་འཇགས།འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད།ཨ་རབ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་།མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལག་གདང་སྦྲེལ་ནས་ཀྲུང་ཨའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་ཡིན།ཀྲུང་གོ་ཕྱོཊ་ཀྱིས་ཨ་རབ་མཉམ་འབྲེལ་མཚོ་དཔོན་ཕྱོཊ་དང་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཨའི་དབར་གྱི་མ་འཇོག་མཉམ་ལས་རིམ་པ་མཐོ་བའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།ཉོ་ཚོང་དང་།ནུས་ཁུངས།རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་བཏང་ནས་ཆ་འཕྲིན་ལག་རྩལ་དང་།མིས་བཟོས་རིག་ནུས།གྲངས་འཛིན་དཔལ་འབྱོར།ནུས་ཁུངས་གསར་པ་སོགས་ལག་རྩལ་མཐོ་བའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས།ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།ཡུན་རིང་མ་སོང་གོང་ངས་ཆེད་མངགས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་ལ་འཕྲིན་ལན་བསྐུར་ནས་ཁོང་ཚོར་རྒྱ་ཡིག་ཡག་པོ་སྦྱོང་རྒྱུ་དང་ཀྲུང་གོར་ཤེས་རྟོགས་བྱས་ཏེ་ཀྲུང་ཨའི་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་ལྕག་སྐུལ་བྱས་པ་ཡིན།ཀྲུང་གོ་ཕྱོགས་ཀྱིས་སློབ་གྲྭ་བརྒྱའི་རྒྱ་ཡིག་སློབ་ཁྲིད་རྣམ་གྲངས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཀྲུང་གོའི་རིག་གནས་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་འགོག་ཐབས་མེད།སྣེ་མང་ཅན་གྱི་ངོ་བོའི་ཐོག་ཤེས་དཔལ་མི་འདྲ་བ་དང་།ལམ་ལུགས་མི་འདྲ་བ།འགྲོ་ལམ་མི་འདྲ་བ་བཅས་དབར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཡིན་དགོས།དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།འཛམ་གླིང་སྣེ་མང་ཅན་དུ་འགྱུར་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན།ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་གྱི་རྒྱལ་ཁབ་རྣམས་རྒྱལ་ཁབ་དེ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མུ་མཐུད་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་།མཐུན་སྒྲིལ་རང་སྟོབས་དང་ཞི་བདེ་མཐུན་འགྲིག་གི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་རྒྱུ།འབྲེལ་གཏུགས་དང་གྲོས་མོལ་བརྒྱུད་མི་མཐུན་པའི་ཆ་སེལ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་འཛིན་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་ཨ་རབ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དབུ་ཚོགས་སྐབས་གཉིས་པ་ཡག་པོ་གཉེར་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཀྲུང་གོ་དང་རྒྱ་མཚོའི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་།ཕྱོགས་མང་མཉམ་ལས་རྒྱ་ཆེར་གཏོང་བ།གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

མུའུ་ཧན་མོ་ཏེས་ངའི་ཕ་ཡུལ་གཉིས་པ་ཀྲུང་གོར་སླར་ཡང་འཚམས་འདྲི་བྱས་པ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་།ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་འབྲེལ་བར་རྨང་གཞི་ཟབ་མོ་ལྡན་ཡོད་པས།ཨ་རབ་དང་ཀྲུང་གོའི་འབྲེལ་བ་དང་མཚོ་ཐོག་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་གཏོང་དགོས།ཨ་རབ་མཉམ་འབྲེལ་མཚོ་དཔོན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཨ་ཀྲུང་དང་མཚོ་ཀྲུང་འབྲེལ་བས་ཕྱོགས་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཡག་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

མུའུ་ཧན་མོ་ཏེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་།ཕན་ཚུན་བརྩི་འཇོག ཐུན་མོང་གི་ཁེ་ཕན་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་དེ་སྤྱིར་བཏང་མིན་པའི་ཆུ་ཚད་དུ་སླེབས་ཡོད།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ཀྲུང་གོ་འདི་ཉིད་ཕྱི་འབྲེལ་གྱི་དམིགས་བསལ་གྱི་གནས་བབ་ཐོག་འཇོག་པ་དང་།ཀྲུང་གོ་འདི་ཉིད་ཡུན་རིང་བློས་འགེལ་ཆོག་པའི་འཐབ་ཇུས་མཉམ་ལས་རོགས་ཟླར་བརྩི་བ།རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་།མ་འཇོག ནུས་རྒྱུ།ཚན་རྩལ།སློབ་གསོ།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་རྒྱ་ཆེར་གཏོང་འདོད་ཡོད།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་ནས་རྣམ་པ་གང་རུང་གི་ཐོག་ནས་ཐའེ་ཝན་རང་བཙན་ལ་ངོ་རྒོལ་དང་ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་།གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དང་།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་མུ་མཐུད་ཧུར་ཐག་ཞུགས་རྒྱུ།ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུགས་མཉམ་ལས་དམ་ཟབ་བྱས་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་།འཕེལ་རྒྱས།དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་བསམ་འཆར་བརྗེ་རེས་གནང་བ་རེད།ཞི་ཅིན་ཕིང་གིས་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་ཕྱོགས་ཡོངས་ནས་དམག་འཁྲུག་མཚམས་འཇོག་བྱས་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན།རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་ཐོག་གྲོས་མོལ་བརྒྱུད་སྔ་ཙམ་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་མགྲིན་གཅིག་ཏུ་བྱེད་དགོས།ཀྲུང་ཨ་ཕྱོགས་གཉིས་པོའི་ཕ་ལེ་སི་ཐན་གྱི་གནད་དོན་ཐད་ལངས་ཕྱོགས་གཅིག་མཐུན་ཡིན་པས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་།དྲང་གཞག ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

མཇལ་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་འཇོག་དང་།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན།ཚན་རྩལ།ཞི་བདེའི་ངང་ཉིང་རྡུལ་ནུས་པ་བེད་སྤྱོད།རྒྱ་ཡིག་སློབ་གསོ།རིག་གནས་ཡུལ་སྐོར་སོཊ་ཁྱབ་ཁོངས་ཀྱི་ཕྱོཊ་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོར་ཐུན་མིང་རྟཊ་བཀོད་དེ་དཔང་པོ་གནང་བ་རེད།

མཇལ་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མུའུ་ཧན་མོ་ཏེར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ཞབས་མེ་སྒྱོགས་21བརྒྱབ་པ་དང་གུས་དམག་གྲལ་སྒྲིག་ནས་གུས་འདུད་ཞུས་པ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞིབ་བཤེར་སྟེགས་བུའི་ཐོག་འཛེགས་ནས་དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་།མུའུ་ཧན་མོ་ཏེས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྒྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དབྱེ་འབྱེད་རྣམ་པའི་རུ་སྒྲེང་ལའང་གཟིགས་པ་རེད།

ཉིན་དེའི་མཚན་མོར།ཞི་ཅིན་ཕིང་གིས་མི་དམངས་ཚོཊ་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་མུའུ་ཧན་མོ་ཏེར་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་པ་རེད། (བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-01 6 6 拉萨日报藏文 c181914.html 1 ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་ མུའུ་ཧན་མོ་ཏེ་དང་མཇལ་མོལ་གནང་བ། /enpproperty-->