(པར་ངོས་དང་པོར་མཐུད)ཀྲུང་གོ་ཕྱོགས་ཀྱིས་དེ་ཉིད་རྨང་གཞིར་བྱས་ནས་ཨ་རབ་ཕྱོགས་དང་མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ་བཏོད་དེ་ཀྲུང་གོ་དང་ཨ་རབ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད།
གཅིག་ནས་དེ་བས་གསོན་ཤུགས་ཆེ་བའི་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་ཚེ་སྲོག་གི་བདེ་ཐང་དང་། མིས་ཐབས་རིག་ནུས། འབྱུང་འཕྲོད་ཐཱན་ཉུང་། དེང་རབས་ཞིང་ལས། བར་སྣང་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་མཉམ་འབྲེལ་ཚོད་ལྟ་ཁང་10མཉམ་དུ་འཛུགས་རྒྱུ་དང་། མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། མིས་བཟོས་རིག་ནུས་ཀྱིས་དངོས་ཚན་དཔལ་འབྱོར་ལ་ནུས་པ་ཐོན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ལྡན་པའི་གོ་ལ་ཧྲིལ་པོའི་མིས་ཐབས་རིག་ནུས་བཅོས་སྐྱོང་མ་ལག་ཆགས་པར་སྐུལ་འདེད་གཏོང་རྒྱུ། བར་སྣང་ཧྲུག་ལྷེབ་མཉམ་འབྲེལ་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་བྱང་སྐར་ཉེར་སྤྱོད་མཉམ་ལས་འཕེལ་རྒྱས་ལྟེ་གནས་མཉམ་དུ་འཛུགས་སྐྲུན་བྱས་ནས། མི་ཞུགས་འཇིག་རྟེན་འཕུར་སྐྱོད་དང་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་སོགས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ།
གཉིས་ནས་དེ་བས་གཞི་ཁྱོན་ཆེ་བའི་མ་དངུལ་འཇོག་པའི་དངུལ་རྩའི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་བཙུགས་ནས། ཕྱོགས་གཉིས་པོའི་དངུལ་རྩའི་སྒྲིག་གཞིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཨ་རབ་ཕྱོགས་ཀྱི་དངུལ་ཁང་སྒྲིག་གཞི་མི་དམངས་ཤོག་སྒོར་གྱི་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་ཞིབ་རྩིས་མ་ལག་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཀྲུང་དབྱང་དངུལ་ཁང་གི་གྲངས་གཞིའི་དངུལ་ལོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ།
གསུམ་ནས་དེ་བས་ལངས་གཟུགས་ཀྱི་ནུས་ཁུངས་མཉམ་ལས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་སྣུམ་རླངས་ཁྱབ་ཁོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཐོན་སྐྱེད་མཉམ་འབྲེལ་ཐོག་བྱ་རྒྱུ། ཀྲུང་གོའི་ནུས་རྒྱུའི་ཁེ་ལས་དང་དངུལ་རྩའི་སྒྲིག་གཞི་ཨ་རབ་རྒྱལ་ཁབ་ཏུ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་རྣམ་གྲངས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་དགོས།
བཞི་ནས་དེ་བས་དཔལ་འབྱོར་ཉོ་ཚོང་གི་ཁེ་ཕན་ཐོབ་སྟངས་དོ་སྙོམས་ཡོང་བར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རབ་གྱི་འཕེལ་རྒྱས་མཉམ་ལས་རྣམ་གྲངས་ལག་བསྟར་བྱ་རྒྱུར་མུ་མཐུད་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཕྱོགས་གཉིས་དང་ས་ཁོངས་ཀྱི་རང་མོས་ཚོང་དོན་གྲོས་མཐུན་གྱི་གྲོས་མོལ་མགྱོགས་སུ་བཏང་སྟེ། གློག་རྡུལ་ཚོང་དོན་མཉམ་ལས་གླེང་མོལ་ལམ་སྲོལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་ནས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨ་རབ་ཕྱོགས་ནས་ནུས་རྒྱུ་མིན་པའི་ཐོན་རྫས་དང་ལྷག་པར་དུ་ཞིང་ལས་དང་བཟའ་བཅའི་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།
ལྔ་ནས་དེ་བས་རྒྱ་ཆེ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་རྣམ་པ་ཞིག་ཆགས་པར་བྱ་རྒྱུ། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོའི་ཀྲུང་གོ་དང་ཨ་རབ་ལྟེ་གནས་བཙུགས་ནས་རིག་མཛོད་མནའ་འབྲེལ་དང་། གཞོན་ནུའི་འཕེལ་རྒྱས་གླེང་སྟེགས། སློབ་ཆེན་མནའ་འབྲེལ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཞིབ་འཇུག་ལྟེ་གནས་སོགས་ཀྱི་ལས་སྟེགས་འཛུགས་སྐྲུན་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལོ་ལྟར་ཨ་རབ་ཕྱོགས་ཀྱི་སྲིད་ཏང་གི་འགོ་ཁྲིད་པ་200ཀྲུང་གོར་འཚམས་འདྲིར་གདན་འདྲེན་ཞུ་རྒྱུ་དང་། འབྱུང་འགྱུར་ལོ་5ཡི་ནང་ཡུལ་སྐོར་བ་ཁྲི་1000ཕན་ཚུན་འཚམས་འདྲིར་ཕེབས་རྒྱུའི་བརྩོན་ལེན་བྱ་རྒྱུ།
ཞི་ཅིན་ཕིང་གིས་བསྟན་དོན། དབུས་ཤར་ས་ཁུལ་ནི་འཕེལ་རྒྱས་ཀྱི་ས་གཤིས་གཤིན་པོ་ཞིག་ཡིན་མོད། ས་ཆ་དེའི་ཐོག་དམག་འཁྲུག་གི་མེ་ལྕེ་སྔར་བཞིན་འབར་བཞིན་ཡོད། དམག་འཁྲུག་མུ་མཐུད་ནས་རྫོགས་མཐའ་མེད་པ་ཞིག་བྱེད་མི་རུང་ལ། དྲང་བདེན་ཡང་ཡུན་རིང་དུ་ཆད་མི་རུང་བས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡང་གང་འདོད་དུ་གཡོ་འགུལ་གཏོང་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་1967ལོའི་མཐའ་མཚམས་རྨང་གཞིར་བྱེད་པ་དང་། ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་རྦད་དེ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་རང་བཙན་གྱི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དངོས་སུ་འགྱུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གཞི་ཁྱོན་དེ་བས་ཆེ་བ་དང་། དབང་གྲགས་དེ་བས་ཆེ་བ། ཕན་འབྲས་དེ་བས་ཆེ་བ་བཅས་ཀྱི་རྒྱལ་སྤྱིའི་ཞི་བདེ་ཚོགས་འདུ་འཚོག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཅ་ཧྲའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རྒྱུ་དང་། དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ལ་མུ་མཐུད་རྒྱབ་སྐྱོར་དང་ཛ་དྲག་གི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་མཇུག་མཐར་བསྟན་དོན། ཨ་རབ་ཀྱི་གཏམ་དཔེའི་ནང་གྲོགས་པོ་ནི་འཚོ་བའི་ཁྲོད་ཀྱི་ཉི་འོད་ཡིན་ཞེས་གསུངས་པ་ལྟར། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཨ་རབ་ཀྱི་གྲོགས་པོ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ་གྱི་མཛའ་གྲོགས་སྙིང་སྟོབས་དར་སྤེལ་བཏང་ནས། མཐུན་སྒྲིལ་ཐོག་མཉམ་དུ་འབྱུང་འགྱུར་གཏོད་དེ་ཀྲུང་གོ་དང་ཨ་རབ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གི་ལམ་ཆེན་ཐོག་ཉི་འོད་ཀྱིས་ཁེངས་བར་བྱ་རྒྱུ་ཡིན།
(ནང་དོན་ཆ་ཚང་ལོགས་སུ་འགོད་རྒྱུ)
པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི། ཐུ་ནི་སིའི་སྲིད་འཛིན་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་འཛིན་མུའུ་ཧན་མོ་ཏེ། ཨ་རབ་མནའ་འབྲེལ་གྱི་དྲུང་ཆེ་ཀའེ་ཐེ་བཅས་ཀྱིས་ཤིས་ཚིག་གསུངས་པ་རེད།
ཚའེ་ཆི་གོང་གསལ་གྱི་བྱེད་སྒོར་ཞུགས་པ།
ཝང་དབྱི་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社