ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བསྟར་ནས་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དང་དེ་བཞིན་ཁྱིམ་ཚང་གི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པས་མཉམ་འབྲེལ་ཐོག་གཉེར་བའི་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བུད་མེད་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྲོང་གསེབ་ཏུ་སྤེལ་བ་དང་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྟོད་ལུང་བདེ་ཆེན་ཆུས་སེར་མ་སྡེ་ཁུལ་དུ་འགོ་ཚུགས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་བོད་ལྗོངས་ཇོ་མོ་གླང་མ་ཁྲིམས་རྩོད་པའི་ལས་དོན་ཁང་གི་ཁྲིམས་རྩོད་པ་ཧུའུ་ཁྲའོ་ཡུས་ཀྱིས་གྱོད་དཔེ་བརྒྱུད་གོ་བདེ་ལ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ནང་དོན་ཕུན་སུམ་ཚོགས་ལ་ཉེར་སྤྱོད་རང་བཞིན་ཆེ་བའི་བཅའ་ཁྲིམས་ཤེས་བྱའི་འཆད་ཁྲིད་ཅིག་བྱས་ཏེ།གཉེན་སྒྲིག་ཁྱིམ་ཚང་ཁྲོད་བུད་མེད་ལ་འཕྲད་པའི་གནད་དོན་དང་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱར་དབྱེ་ཞིབ་ཞིབ་ཕྲ་བྱས་ནས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཐད་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་གྲོས་འགོ་བཏོན་པ་རེད། བོད་ཀྱི་ཧུའུ་ཧ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་བྱེད་སྒོའི་བརྗོད་བྱ་དང་ཟུང་འབྲེལ་བྱས་ནས་དགོད་བྲོའི་གཏམ་བཤད《དམངས་དོན་ཁྲིམས་གཞུང་གི་དཔེ་སྟོན》དང་།རྐྱང་གཞས《ས་མཐོར་བརྩེ་དུང་ཟབ་མོ་ལྡན་པ》 བརྩམས་ཆོས་ཐུང་གྲས《ཆང་བཏུང་ནས་རླངས་འཁོར་གཏོང་བ》 ཤེས་བྱའི་དྲི་བ་དྲིས་ལན《ངས་དྲིས་ནས་ཁྱེད་ཀྱིས་ལན་འདེབས》སོགས་ཀྱི་ངོ་མཚར་ཆེ་བའི་ལེ་ཚན་གྱིས་རྒྱ་ཆེའི་བུད་མེད་ལས་བྱེད་པ་དང་མང་ཚོགས་ལ་ཁྲིམས་ལུགས་སྦྱོང་ཞིང་ཁྲིམས་སྲུང་དང་སྤྱོད་སྟངས་ལ་སྔར་བས་ཁྲིད་སྟོན་བྱས་ཡོད། སྟོད་ལུང་བདེ་ཆེན་ཆུས་སེར་མ་སྡེ་ཁུལ་གྱི་ཡུལ་མི་ཨ་ནུའུ་ཡིས་ངའི་བསམ་པར་ད་ཐེངས་ཀྱི་བྱེད་སྒོར་ཁྱད་ཆོས་ལྡན་པ་དང་ས་སྦྲེལ་གྱི་ནུས་པ་ལྡན་པས་གཞི་རིམ་མང་ཚོཊ་ལ་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ཞིང་།སླད་ཕྱིན་བྱེད་སྒོ་དེ་འདྲ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ད་དུང་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བློ་འདྲིའི་སྟེགས་བུ་འཛུཊ་པ། དྲིལ་བསྒྲགས་འགྲེམས་སྟོན་བྱང་བུ་འཇོག་པ་སོགས་ཀྱི་རྣམ་པ་བརྒྱུད་གཙོ་གནད་དུ《དམངས་དོན་ཁྲིམས་གཞུང》《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》《ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》སོགས་བུད་མེད་དང་བྱིས་པའི་ཁེ་དབང་འགན་སྲུང་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱར་དམིགས་ནས་དྲིལ་བསྒྲགས་བྱས་པ་དང་།བཅའ་ཁྲིམས་ཤེས་བྱ་དང་ཁེ་དབང་སྲུང་སྐྱོང་ཞབས་ཞུ་གཞི་རིམ་བུད་མེད་མང་ཚོགས་ཀྱི་གམ་དུ་བསྐྱལ་བ།རྒྱ་ཆེའི་བུད་མེད་རྣམས་ཀྱིས་རང་ངོས་ཀྱི་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་ཤེས་པར་སྐུལ་མ་བཏང་བ་རེད། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཧྥེང་ཝུའེ་ཡིས་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་སྟོད་ལུང་གཅེན་མོས་ཁེ་དབང་སྲུང་སྐྱོང་བྱེད་པའི་སྤུས་རྟགས་ལས་དོན་ཏན་ཏིག་སྤེལ་བ་དང་། སྟོད་ལུང་གཅེན་མོས་སེམས་ཁུར་བྱེད་དང་། སྟོད་ལུང་གཅེན་མོ་འགྲམ་དུ་ཡོད། སྟོད་ལུང་གཅེན་མོའི་སློབ་ཚན་ཆུང་ངུ་སོགས་གང་ཐུབ་སྤེལ་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་རོགས་རམ་བྱ་རྒྱུ་དང་།དུས་མཚུངས་ང་ཚོས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲཊ་ལས་དོན་རྒྱ་ཁྱབ་ངང་སྤེལ་ནས་གཞི་རིམ་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་བུད་མེད་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྲོང་གསེབ་ཏུ་སྤེལ་ཞེས་པའི་བྱེད་སྒོ་རྒྱལ་ཡོངས་སུ་སྤེལ་ཞིང་། ནུབ་རྒྱུད་ཞིང་ཆེན་10ཡི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་160དང་།བོད་ལྗོངས་དང་ཤིན་ཅང་གི་རྫོང(གྲོང་ཁྱེར་དང་ཆུས)ཁག་ལ་གཙོ་གནད་དུ་ཁྱབ་ཡོད། “5+”རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་དེ་རིགས་གཅིག་མཁས་ཅན་གྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་སློབ་ཚན་གཅིག་དང་། གྲོང་གསེབ་ཀྱི་བཅའ་ཁྲིམས་གསལ་རྟོགས་མཁན་ནམ་གྲོང་གསེབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་དང་བཅའ་ཁྲིམས་སྤྱོད་པའི་དཔེ་སྟོན་དུད་ཚང་གིས་ཉེ་འགྲམ་གྱི་བྱ་བ་གླེང་ཐེངས་གཅིག ས་གནས་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་རིག་གནས་བྱེད་སྒོ་གཅིག ས་གནས་ས་ཐོག་གི་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་ཐེངས་གཅིག གཙོ་དོན་བཅའ་ཁྲིམས་ཁྱབ་གདལ་བརྙན་ལམ་འགྲེམས་སྟོན་རབ་དང་རིམ་པ་བཅས་བྱས་ནས་གྲོང་གསེབ་བུད་མེད་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་བཏང་ནས་ཁོང་ཚོས་རང་རྟོགས་ངང་བཅའ་ཁྲིམས་ལ་བརྩི་སྲུང་དང་། བཅའ་ཁྲིམས་སློབ་པ། ཁྲིམས་ལུགས་སྤྱོད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社