(པར་ངོས་དང་པོར་མཐུད)གསོ་ཚགས་ཁུལ་དང་འཚོ་བའི་ཁུལ་ལོགས་སུ་དབྱེ་ཡོད། བྱ་ཐབས་དེས་ཁོར་ཡུག་འཕྲོད་བསྟེན་ལེགས་སུ་ཕྱིན་པར་མ་ཟད། ནད་ཡམས་མཆེད་པའི་ཉེན་ཁ་ཡང་ཆུང་དུ་ཕྱིན་པ་དང་དུས་མཚུངས་ཕྱུགས་རིགས་ཀྱི་བདེ་ཐང་ཆུ་ཚད་དང་ཐོན་སྐྱེད་ནུས་པ་ཆེ་རུ་ཕྱིན་ནས་ཆུང་ཆུང་ཁྱིམ་ཚང་གི་ཕྱུགས་རིགས་གསོ་སྤེལ་བྱེད་ཚད་ན་ནིང་གི་མགོ་གྲངས་6ནས་ད་ལྟའི་མགོ་གྲངས་13བར་འཕར་ཡོད་པ་རེད།
ཆུ་ཁ་བྱང་གྲོང་ཚོ་ནི་ལྷུན་གྲུབ་རྫོང་གིས་མི་དང་ཕྱུགས་རིགས་ལོགས་སུ་དབྱེ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་སྡོད་གནས་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་བའི་བསྡུས་རིས་ཤིག་རེད། མི་དང་ཕྱུགས་རིགས་ལོགས་སུ་དབྱེ་ཆེད་ཆུ་ཁ་བྱང་གྲོང་ཚོས་དུས་འགོའི་གྲོང་ཚོ་དང་ཁྱིམ་དུད་དུ་བསྐྱོད་པ་དང་གཅིག་སྡུད་ཚོགས་འདུ་འཚོགས་ནས་སྒྲོག་འགྲེལ་སོགས་ཀྱི་བྱ་ཐབས་སྤྱད་དེ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་གྱི་དམིགས་ཡུལ་དང་དོན་སྙིང་། མི་དང་ཕྱུགས་རིགས་ལོགས་སུ་དབྱེ་བའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་བྱས་པ་དང་འབྲེལ་སྲིད་གཞུང་གིས་ཁ་གསབ་དང་ཞིང་དུད་གི་རང་འགུལ་ངང་འཛུགས་སྐྲུན་བྱེད་པའི་བྱ་ཐབས་སྤྱད་དེ་ཞིང་དུད་ཀྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་དང་ཆབས་ཅིག་ཁོང་ཚོའི་དཔལ་འབྱོར་གྱི་ཁུར་པོ་ཡང་དུ་བཏང་ཡོད། མིག་སྔར་ཆུ་ཁ་བྱང་གྲོང་ཚོའི་ཁྱིམ་ཚང་109ལ་མི་དང་ཕྱུགས་རིགས་ལོགས་སུ་དབྱེ་བ་ལེགས་གྲུབ་བྱུང་ཡོད།
ལྷུན་གྲུབ་རྫོང་གི་མི་དང་ཕྱུགས་རིགས་ལོགས་སུ་དབྱེ་བའི་རྣམ་གྲངས་འཛུགས་སྐྲུན་བྱེད་སྐབས་ཞིང་དུད་ཀྱིས་གསར་དུ་བསྐྲུན་པའི་སྡོད་ཁང་དང་ཕྱུགས་རིགས་ལོགས་སུ་དབྱེ་བ་དང་། གསོ་སྤེལ་ཁུལ་དང་འཚོ་བའི་ཁུལ་ལོགས་སུ་འབྱེད་པ། སྡོད་ཁང་གི་ས་ཆ་བདམས་པ་ལུགས་མཐུན་ཡིན་པ།རྒྱ་ཁྱོན་དང་གསོ་སྤེལ་གཞི་ཁྱོན་འཚམ་པར་བྱེད་པ་བཅས་དང་ཆབས་ཅིག་ཁག་གཅིག་བསྐྲུན་ཚར་བར་ཞིབ་བཤེར་རྩིས་ལེན་བྱས་ནས་ཁ་གསབ་མ་དངུལ་དུས་ཐོག་ཏུསྤྲོད་དགོས་པའི་བླང་བྱ་བཏོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བྱང་ཁ་ཤང་དང་དགའ་ལྡན་ཆོས་འཁོར་གྲོང་རྡལ་སོགས་ཤང་9དང་གྲོང་རྡལ་1དང་འབྲེལ་བ་ཡོད་པ་དང་ཕན་པ་ཐོབ་མཁན་མི་ཁྲི་1.2ལྷག་ཙམ་ཟིན་ཡོད་པ་རེད།
2023ལོར།ལྷུན་གྲུབ་རྫོང་གིས་སྒོར་ཁྲི་2150བཏང་ནས་མི་དང་ཕྱུགས་རིགས་ལོགས་སུ་དབྱེ་བའི་དུད་ཚང་3198ལག་བསྟར་བྱས་པ་དང་། 2024ལོར།ལྷུན་གྲུབ་རྫོང་གིས་མི་དང་ཕྱུགས་རིགས་ལོགས་སུ་དབྱེ་བའི་ལས་དོན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བླང་བྱ་གཞིར་བཟུང་ཟླ་11པའི་ཟླ་མཇུག་གོང་མི་དང་ཕྱུགས་རིགས་ལོགས་དབྱེའི་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་རེད་ཅེས་ལྷུན་གྲུབ་རྫོང་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཀྲི་ཀྲུང་གིས་བཤད་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社