分享按钮

ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད།

ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

པར་འདི་ནི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོའི་ཡུལ་དངོས་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད་ཅེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་ཕུལ་བྱུང་འགྲན་ཞུགས་པ་ཚོ་མཉམ་འཛོམས་བྱས་ནས་མཐུན་སྒྲིལ་གླེང་བ་དང་གླུ་གར་འཁྲབ་སྟོན་བྱས་ནས་ཏང་གི་བཀའ་དྲིན་ལ་བསྟོད་བསྔགས་བྱས་པ་རེད།

ད་ཐེངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ《མཐུན་སྒྲིལ་གྱི་འབྱུང་ཁུངས་ཏེ་མཉམ་དུ་ཁྱིམ་གཞིས་བསྐྲུན》ཞེས་པའི་ལེ་ཚན་དང་བསྟུན་ནས་འགོ་ཚུགས་ཤིང་། སྤྲོ་སྣང་ལྡན་པའི་རོལ་དབྱངས་དང་བསྟུན་ནས་འཁྲབ་སྟོན་པ་ཚོས་མི་རིགས་ཁག་གི་སྲོལ་རྒྱུན་གྱོན་ཆས་གྱོན་ནས་མཉམ་དུ་ཞབས་བྲོ་འཁྲབ་པ་དང་། དེའི་རྗེས་སུ་ལུས་རྩལ་འཁྲབ་སྟོན་ཏེ《སྤྲོ་སྣང་ལྡན་པར་ཤོག གཞོན་ནུ་ཚོ》ཞེས་པ་དང་། གླུ་དབྱངས་ཏེ《བཀྲ་ཤིས་པའི་འོད་སྣང》 ཞབས་བྲོ་ཏེ《བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྦྲང་རྩི་ལས་ཀྱང་མངར》 གླུ་གཞས་ཏེ《ས་མཐོར་ཉི་མ་དམར་པོ་ཤར་བ》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་ཚོགས་ར་ཡོངས་ལ་སྐད་ཅིག་ཉིད་དུ་སྤྲོ་སྣང་གིས་ཁེངས་བར་བྱས་ཤིང་། བྱེད་སྒོའི་ཁྲོད། ཕུལ་བྱུང་འགྲན་ཞུགས་པ་ཚོས་གཏམ་བཤད་བྱས་པ་སྟེ། ཁོང་ཚོས་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་ཟོལ་མེད་ཀྱི་བརྩེ་དུང་དང་གསོན་ཉམས་དོད་པའི་སྐད་ཆར་བརྟེན་ཏེ་ཉེ་འགྲམ་དུ་བྱུང་བའི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་ཡོད། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་སློབ་མ་ཞུས་རུའེ་ཁུན་ཅིས་ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ངའི་གཏམ་བཤད་ཀྱི་ཁ་བྱང་ལ《བརྩེ་དུང་གིས་བསྐོར་བའི་སེ་འབྲུ་ཞིག བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བར་གུས་འདུད་ཞུ》ཞེས་པ་དེ་ཡིན། ངས་གཏམ་བཤད་བྱས་པ་བརྒྱུད་ཉེ་འགྲམ་གྱི་སློབ་གྲོགས་དེ་བས་མང་བ་ཞིག་ལ་སྐུལ་ཁྲིད་བྱས་ཏེ། ཆུང་དུས་ནས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་བརྟན་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་ང་ཚོའི་སེམས་སུ་ནམ་ཡང་བཞད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་མོའི་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཐོག ལྗོངས་ཡོངས་ནས་ཡོང་བའི་ཕུལ་བྱུང་འགྲན་ཞུགས་པ་104ཡིས་དུས་ཡུན་ཉིན་གཉིས་ནང་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཐར་ཚོགས་ཆུང་5ཡི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་དང་། དྲ་བའི་ཐོག་དགའ་པོ་བྱེད་མང་ཤོས་བཅས་བདམས་ཐོན་བྱུང་བ་རེད། དེའི་ནང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གྲོང་ཤར་ཡན་ལག་སློབ་གྲྭའི་ཞུས་རུའེ་ཁུན་ཅི་ལ་སློབ་ཆུང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་དང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁྲ་འབྲུག་གྲོང་རྡལ་དུང་དཀར་སྡེ་ཁུལ་གྱི་བློ་བཟང་ཚེ་རིང་ལ་གྲོང་སྡེའི་གཞོན་ནུ་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་བདེ་ཆེན་དཔལ་འཛོམས་ལ་སློབ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་བཅས་ཐོབ་པ་རེད། བྱ་དགའ་ཐོབ་རྗེས་བདེ་ཆེན་དཔལ་འཛོམས་ཀྱིས་འགྲན་བསྡུར་ཁྲོད་སློབ་འབྲིང་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ངའི་གཏམ་བཤད་ཀྱི་ཁ་བྱང་ལ《ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས་ལང་ཚོ་འབྱུང་འགྱུར་གྱི་ཕྱོགས་སུ་གཏོད》ཅེས་པ་དེ་ཡིན། གཏམ་བཤད་ལ་གྲ་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོས་མི་རིགས་རིག་གནས་ལ་རྒྱུས་ལོན་བྱེད་ཚད་ཆེ་རུ་ཕྱིན་པར་མ་ཟད། མི་རིགས་སྲིད་ཇུས་ལ་ངོས་འཛིན་བྱེད་ཚད་ཀྱང་ཟབ་ཏུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་སྔར་བས་ཀྱང་ཤེས་རྟོགས་བྱུང་། སློབ་འབྲིང་སློབ་མ་ཞིག་ཡིན་པའི་ངོས་ནས། སླད་ཕྱིན་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་ཕུགས་བསམ་ཡོད་པ་དང་། འགན་འཁྲི་ཡོད་པ། འགན་འཁྲི་ཁུར་ཕོད་པ་བཅས་ཀྱི་གཞོན་ནུ་བཟང་པོ་ཞིག་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་གཏམ་བཤད་འགྲན་བསྡུར་ནང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་5000ལྷག་ཙམ་རིམ་པ་ཁག་གི་འདེམས་སྒྲུག་འགྲན་བསྡུར་ནང་ཐད་ཀར་ཞུགས་ཤིང་། འགྲན་བསྡུར་ཆེན་མོ་དེ་དྲ་ཐོག་ནས་བསྟན་ཚད་ཐེངས་ཁྲི་500ཟིན་པ་དང་། དོ་ཁུར་བྱེད་མཁན་མི་གྲངས་མི་ཐེངས་ཁྲི་100ཟིན་ཡོད་པ་རེད།

ད་ཐེངས་ཀྱི་འགྲན་བསྡུར་བྱས་པ་བརྒྱུད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མཛེས་སྡུག་ལྡན་པའི་ཕུགས་འདུན་གང་ལེགས་མངོན་ཞིང་། མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རེ་རེ་དེ་མི་རིགས་མཐུན་སྒྲིལ་གྱི་ནུས་ཤུགས་བཟང་པོ་ཞིག་ཏུ་བསྒྲིལ་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོར་བསྟོད་གླུ་འབུལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་མི་སེམས་སུ་ཟུག་ནས་རྩ་བ་ཚུགས་པར་བྱས་ཡོད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 ཀྲུང་ཧྭའི་བླ་སྲོག་བརྟན་འཛུགས་ཀྱིས། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད། 6 6 拉萨日报藏文 c181750.html 1 ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་བྱེད་པའི་སྐབས་གཉིས་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་འགྲན་བསྡུར་ཆེན་མོའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ། /enpproperty-->