分享按钮

ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ གཙོ་གནད་འབུར་དུ་ཐོན་དགོས།

(པར་ངོས་དང་པོར་མཐུད)“ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོར་དམ་འཛིན་བྱ་དགོས”ཞེས་ནན་གསུངས་གནང་བ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་ཁྱབ་ཁོངས་གཞན་དག་གི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཏེ།ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུར་འབད་བརྩོན་བྱེད་པའི་ཁ་ཕྱོགས་གསལ་སྟོན་གནང་བ་དང་། བསམ་ཕྱོགས་དང་བྱ་ཐབས་གལ་ཆེན་བཏོན་པ་རེད།

འགལ་བ་གཙོ་བོ་དང་འགལ་བའི་ཕྱོགས་གཙོ་བོ་སྔོན་ལ་ཐག་གཅོད་བྱས་ཏེ།སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཙོ་གནད་ཚད་བརྒལ་ཡོང་བར་བྱེད་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་པ་ནི་ང་ཚོས་སྒྱུར་བཅོས་ཇུས་འགོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན།དུས་རབས་གསར་པ་སླེབས་ཚུན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་།འཕེལ་རྒྱས་གཏོང་རྒྱུ་ཞེས་པའི་ལས་འགན་ཨང་དང་པོར་རྩེ་གཅིག་ཏུ་དམིགས་ནས་ཕྱོགས་གང་ཅིའི་ཐད་ཀྱི་སྒྱུར་བཅོས་བཀོད་སྒྲིག་བྱས་ཤིང་།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བར་བརྟེན་ནས་སྒྱུར་བཅོས་ལ་འཐེན་ཤུགས་ཆེན་པོ་འདོན་སྤྲོད་བྱས་པ།སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་།གནད་མང་འགག་སྒྲོལ་བྱེད་པ།གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ཏེ།ཁྱབ་ཁོངས་ཁག་གི་རྨང་གཞིའི་རང་བཞིན་ལྡན་པའི་ལམ་ལུགས་ཀྱི་སྒྲོམ་གཞི་གཞི་རྩའི་ཆ་ནས་གཏན་འཁེལ་བྱས་པ། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་མ་ལག་རང་བཞིན་གྱི་སླར་གསོ་བྱས་ཏེ།སྤྱི་ཡོངས་རང་བཞིན་གྱི་བསྐྱར་འཛུགས་མངོན་འགྱུར་བྱས་པ།ལག་ལེན་དངོས་ཀྱི་ཐོག་ནས་སྒྱུར་བཅོས་ཀྱི“གནད་འགག”ལ་དམ་འཛིན་བྱེད་པ་སྟེ།ཁྱབ་ཁོངས་གལ་ཆེན་དང་། ལས་འགན་གལ་ཆེན། ཚོད་ལྟ་གལ་ཆེན་བཅས་ལ་དམ་འཛིན་དང་། འགག་རྩའི་གྲུབ་ཆ་གཙོ་བོ་དང་། འགག་རྩའི་ལྷུ་ཚིགས། འགག་རྩའི་མཚམས་ཚིགས་བཅས་ལ་དམ་འཛིན་བྱས་ན།གཞི་ནས་གཙོ་གནད་ཀྱིས་ཁྱོན་ཡོངས་ལ་སྐུལ་ཁྲིད་ཐུབ་པ་དང་།སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པ་ར་སྤྲོད་ཐུབ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་དང་འཚམ་པར་བྱེད་དགོས་པ་དང་།དཔལ་འབྱོར་རྨང་གཞིའི་འཕེལ་རྒྱས་དང་ཟམ་མི་ཆད་པར་འཚམ་པར་བྱས་ཏེ་སྟེང་གི་བཀོད་པ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་།ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་སྐྱོང་བྱེད་པ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་མ་ལག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གསར་གཏོད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས”ཞེས་ནན་གསུངས་གནང་ཡོད་ལ། ལག་ལེན་དངོས་ཀྱི་ཁྲོད་ནས་ཀྱང་། བསམ་བློ་བཅིངས་འགྲོལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་ཇེ་ཆེར་གཏོང་བ་བཅས་ལ་དམ་པོར་དམིགས་ན། ཕྱོགས་གཞན་པའི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་ཅིང་། ཕྱོགས་གཞན་པའི་སྒྱུར་བཅོས་ལ་བབ་བསྟུན་གྱིས་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཐེབས་སྲིད་པ་ར་སྤྲོད་ཐུབ་པས། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར། གཙོ་གནད་འབུར་དུ་ཐོན་པར་དོ་སྣང་བྱེད་པ་དང་། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། སྤྱི་ཚོགས་ཀྱི་གསོན་ཤུགས་ཆེ་རུ་གཏོང་བ། ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་སྔར་བས་འཚམ་པར་བྱེད་པ། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞི་སྔར་བས་འཚམ་པར་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བར་སྒུལ་ཤུགས་ཆེན་པོ་སྣོན་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་དགོས་མཁོ་དངོས་ནས་འགོ་འཛུགས་པ་དང་། ཆེས་དགོས་གཏུག་ཆེ་བའི་བྱ་བར་དམ་འཛིན་བྱེད་དགོས་པ་དང་། ལག་ལེན་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། ཁྱབ་ཁོངས་གཞན་དག་སྒྱུར་བཅོས་གཏོང་སྐབས་ཀྱང་། ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་ལྡན་པའི་གནད་དོན་ལ་དམིགས་ནས་སྒྱུར་བཅོས་བྱེད་ཐབས་ཇུས་འགོད་བྱས་ཏེ། གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན་པར་བྱེད་དགོས”ཞེས་གསུངས་ཡོད། སྒྱུར་བཅོས་སྒོ་དབྱེར་དཀའ་ངལ་ཆེན་པོ་སྤྱད་མོད། འོན་ཀྱང་སྔར་བཞིན་དཀའ་སྤྱད་འབད་འཐབ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ་དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པར་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་ང་ཚོས་ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད་དང་།གཙོ་གནད་ཁོང་དུ་ཆུད་པ།སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་དམིགས་ནས་སྒྱུར་བཅོས་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་དགོས་པ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣ་དང་། ཆབ་སྲིད། ཁྲིམས་སྐྱོང་། རིག་གནས། སྤྱི་ཚོགས། འབྱུང་ཁམས། རྒྱལ་ཁབ་ཀྱི་བདེ་འཇགས། ཏང་འཛུགས་པའི་ཁྱབ་ཁོངས་བཅས་ཀྱི་སྒྱུར་བཅོས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་ཚོད་འཛིན་བྱེད་པའི་གནད་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་། ཁོར་ཡུག་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀའ་གནད་དང་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ། སྤྱི་ཚོགས་དྲང་གཞག་གི་གནད་དོན་དང་འགལ་བ་ཐག་གཅོད་གང་ཐུབ་བྱེད་པ། ཕྱོགས་ཡོངས་ནས་སྒྲིག་གཞིའི་སྐྱོན་ཆ་སེལ་གང་ཐུབ་བྱེད་པ། གཏིང་ཟབ་པའི་ཁེ་ཕན་ཆགས་སྟངས་ལེགས་སྒྲིག་བྱེད་པའི་ཐད་ཀྱི་དཀའ་གནད་མུ་མཐུད་སེལ་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་སྣོན་དགོས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་བརྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། བརྗོད་བྱ་གཙོ་བོ་དེར་དམ་པོར་དམིགས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ལ་ཇུས་འགོད་བྱེད་པ་དང་། སྒྱུར་བཅོས་ཀྱི་ལས་འགན་གཙོ་གནད་འབུར་དུ་ཐོན་པར་བྱེད་པ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སུ་འགག་སྒྲོལ་གསར་པ་ཡོང་བར་བྱེད་པ་བཅས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཞུམ་པ་མེད་པར་སྐུལ་འདེད་གཏོང་ཐུབ་ལ། བརྗིད་ཉམས་ལྡན་པའི་གོམ་པ་རིམ་བགྲོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་འབྱོར་བའི་གློག་འཕྲིན)(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181738.html 1 ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་ གཙོ་གནད་འབུར་དུ་ཐོན་དགོས། /enpproperty-->