分享按钮

ལྷུན་གྲུབ་རྫོང་གིས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོའི་ཟླ་5པ་ནི་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ་ཐེངས་བཞི་པ་དེ་ཡིན། ཉེ་ཆར། ལྷུན་གྲུབ་རྫོང་གིས《དམངས་དོན་ཁྲིམས་གཞུང》དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། རྫོང་ཡོངས་ཀྱི་ཚན་པ་27བྱེད་སྒོའི་ནང་ཞུགས་པ་དང་། ཤང(གྲོང་རྡལ)ཁག་གིས་རང་སོ་སོའི་ཁོངས་གཏོགས་ཁུལ་དུ་དུས་གཅིག་ཏུ་སྤེལ་ཡོད་པ་རེད།

ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི《དམངས་དོན་ཁྲིམས་གཞུང》སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་དང་། “ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཡིན”ཞེས་པའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྫོང་ཡོངས་ཀྱི“ལྔ་བརྒྱད”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ《དམངས་དོན་ཁྲིམས་གཞུང》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་དྲིལ་བསྒྲགས་མུ་མཐུད་གཏིང་ཟབ་སྤེལ་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཉིན་དེའི་སྔ་དྲོ། ལྷུན་གྲུབ་རྫོང་གིས་རྫོང་དེའི་ཐའེ་ཧུའུ་ལམ་དུ་མི་འདུ་འཛོམས་ཆེ་བ་དང་མི་མང་བའི་ཁྱད་ཆོས་ལ་གཞིགས་ཏེ་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། ཡུལ་དངོས་སུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་པ། བཅའ་ཁྲིམས་བློ་འདྲིར་ལན་འདེབས་པ། བཅའ་ཁྲིམས་ཀྱི་ཞབས་ཞུ་སྒྲུབ་པ། བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དངོས་པོ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》དང་། 《ཁྲིམས་ལུགས་རོགས་སྐྱོར་གྱི་བཅའ་ཁྲིམས》 《མི་དམངས་འདུམ་འགྲིག་གི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་འབྲེལ་མང་ཚོགས་ཀྱིས་བཏོན་པའི་བཅའ་ཁྲིམས་བློ་འདྲི་ལ་ཆེད་ལས་ཀྱི་ལན་བརྒྱབ་སྟེ་མང་ཚོགས་ལ་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་པ་དང་འགལ་བ་སེལ་བར་བཅའ་ཁྲིམས་ལ་བརྟེན་པའི་གོམས་གཤིས་བཟང་པོ་ཆགས་པ་སོགས་ཀྱི་ཐད་ཁྲིད་སྟོན་བྱས་པ་རེད།

ཐེངས་འདིའི་བྱེད་སྒོའི་ཁྲོད། ཁྱོན་དྲིལ་བསྒྲགས་དཔྱད་ཡིག་1500ལྷག་ཙམ་སྤྲད་པ་དང་། ཡུལ་དངོས་སུ་བཅའ་ཁྲིམས་བློ་འདྲི་ལ་ལན་བཏབ་པ།ཕན་པ་ཐོབ་པའི་མང་ཚོགས་1000ལྷག་ཙམ་ཡོད། ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོ་བརྒྱུད་ནས་མང་ཚོགས་ཀྱིས་ཁྲིམས་བརྩི་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་བེད་སྤྱོད་གཏོང་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་དང་དེ་བཞིན《དམངས་དོན་ཁྲིམས་གཞུང》ལག་བསྟར་བྱེད་པར་སྐུལ་འདེད་སྔར་བས་ཐུབ་ནས་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

སླད་ཕྱིན་ལྷུན་གྲུབ་རྫོང་གིས《དམངས་དོན་ཁྲིམས་གཞུང》དྲིལ་བསྒྲགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། “བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་བ”སོགས་ཀྱི་ལས་དོན་ལ་བརྟེན་ཏེ་ཡུལ་བབ་དང་བསྟུན་ནས་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་སྟེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བའི་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་གནད་ལ་འཁེལ་ཞིང་། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་བྱེད་ཐབས་མུ་མཐུད་གསར་གཏོད་བྱས་ནས་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181734.html 1 ལྷུན་གྲུབ་རྫོང་གིས་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་བ། /enpproperty-->