ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། མལ་གྲོ་གུང་དཀར་རྫོང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་ལས་དབྱར་རྩྭ་དགུན་འབུ་འཐུ་སར་སྒྲོག་འགྲེལ་དང་དང་བླངས་ཞབས་ཞུ་ཟུང་འབྲེལ་གྱི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་།རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་སྒྲོག་འགྲེལ་པ་ཡག་པོ་བཅུའི་གྲས་ཡིན་པའི་པ་སངས་དང་།མལ་གྲོ་གུང་དཀར་རྫོང་རིམས་འགོག་ས་ཚིགས་ཀྱི་ལས་དོན་པ་གདན་དྲངས་ནས་སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་བ་རེད།
མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རྡར་འབྲུག་གྲོང་ཚོ་དང་། སྤོ་བ་ནང་གྲོང་ཚོ། ཐེ་བ་ནང་གྲོང་ཚོ་བཅས་གསུམ་གྱི་དབྱར་རྩྭ་དགུན་འབུ་འཐུ་སར་དང་བླངས་ཞབས་ཞུ་རུ་ཁག་གིས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་།ཡུལ་དངོས་སུ་འཆད་ཁྲིད་བྱེད་པའི་བྱ་ཐབས་བརྒྱུད།མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོང་དང་བྱི་རིམས་འགོག་བཅོས་ཐད་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། མང་ཚོགས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་དབྱར་རྩྭ་དགུན་འབུ་འཐུ་བ་དང་།རང་ཉིད་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་ཁྲིམས་སྐྱོང་གི་འདུ་ཤེས་དང་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ཡོད།
བཀྲ་ཤིས་སྒང་ཤང་གི་མང་ཚོགས་བཀྲ་ཤིས་ཀྱིས་ད་ཆ་ནི་དབྱར་དུས་ཡིན་པས་རྫོང་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་པས་ང་ཚོར་བྱི་རིམས་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པར་མ་ཟད། ད་དུང་འབྲེལ་ཡོད་སྲིད་ཇུས་ལ་གསལ་འགྲེལ་བྱས་པ་དང་། འཚོ་བའི་དངོས་རྫས་སྤྲད་བྱུང་བས་ཁོང་ཚོའི་ལྷད་མེད་ཀྱི་བརྩེ་སེམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
ད་ཐེངས་ཀྱི་སྒྲོག་འགྲེལ་དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་དྲིལ་བསྒྲགས་ལག་དེབ་དང་། དྲིལ་བསྒྲགས་ཀྱི་དངོས་པོ་རིགས་60ལྷག་ཙམ། ལག་དེབ་6500ལྷག་ཙམ། སྨན་རྫས་ཁུག་མ་200ལྷག་ཙམ་བཅས་སྤྲད་ཡོད་པ་རེད།
མལ་གྲོ་གུང་དཀར་རྫོང་ཞིབ་དཔྱོད་ཁང་གི་ལས་དོན་པ་དཀོན་མཆོག་ཆོས་སྒྲོན་གྱིས་དབྱར་རྩྭ་དགུན་འབུ་འཐུ་རིང་། འགལ་བ་དང་རྩོད་གཞི་ཐོན་རྒྱུར་སྔོན་འགོག་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ང་ཚོས་རྨམ་པ་ཤང་གི་དབྱར་རྩྭ་དགུན་འབུ་འཐུ་སའི་ཁུལ་གསུམ་དུ་ལས་ཁུངས་ཀྱི་དཔེ་བཟང་ལས་གནས་ཀྱི་དཔེ་མཚོན་དམག་གི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་རྐུ་མ་དང་ཁ་བསླུས་ལ་སྔོན་འགོག་སོགས་ཀྱི་ཤེས་བྱ་མང་ཚོགས་ལ་སྒྲོག་འགྲེལ་བྱས་ཏེ།མང་ཚོགས་ཀྱི་ཁྲིམས་སྐྱོང་གི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ནས་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་རྩྭ་དགུན་འབུ་འཐུ་སར་དགོང་མོ་མང་ཚོགས་ལ་གློག་བརྙན་བསྟན་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད། མིག་སྔའི་བར། མལ་གྲོ་གུང་དཀར་རྫོང་གློག་བརྙན་རུ་ཁག་གི་རུ་མི་དབྱར་རྩྭ་དགུན་འབུ་འཐུ་སར་བཅའ་སྡོད་བྱས་ནས་གློག་བརྙན་ཁྱོན་ཐེངས་24བསྟན་པ་དང་།དེའི་ནང་ཞུགས་མཁན་མི་ཐེངས་4200ལྷག་ཙམ་ཟིན་ཡོད་པ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社