ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།ལྷུན་གྲུབ་རྫོང་གིས་བྱང་ཁ་ཤང་མདུན་གྲོང་གྲོང་ཚོའི་རིན་ཆེན་སྒང་ཚོཊ་ཆུང་གི་ལུང་ཤར་དུ་2024ལོའི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་གི་འཕྲལ་སྡོམ་ནང་སྦྱོང་བྱས་ཡོད།
ད་ཐེངས་ཀྱི་ནང་སྦྱོང་ནང་།ཉེ་བའི་ལོ་ཤས་རིང་ཆུ་ལོག་དང་།ཞོད་སྐྱོན། ས་གཤིས་ཀྱི་གནོད་འཚེ་བཅས་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་འཛིན་པ་དང་།ཛ་དྲག་དང་། དཀའ་ཚེགས། ཉེན་ཁ་བཅས་ཀྱི་གནོད་འཚེའི་ལས་འཛོལ་ཐོན་པའི་གནས་ཚུལ་ལ་དཔེ་གཞིར་བྱས་པ་རེད། བྱང་ཁ་ཤང་མདུན་གྲོང་གྲོང་ཚོར་གནམ་གཤིས་ཧ་ཅང་ཞན་པའི་དབང་གིས་ཆུ་ལོག་དང་།ཞོད་སྐྱོན།ས་གཤིས་གནོད་འཚེ་བཅས་ཕོག་པ་རྒྱབ་ལྗོངས་སུ་བྱས་ཏེ།ལྷུན་གྲུབ་རྫོང་ཆུ་ལོག་སྔོན་འགོག་གཞུང་ལས་ཁང་གིས་འཕྲལ་མར་རིམ་པ་དང་པོའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ནས་མདུན་གྲོང་གྲོང་ཚོའི་རིན་ཆེན་སྒང་ཚོགས་ཆུང་གི་ཉེན་ཁ་ཆེ་བའི་འབྲེལ་བ་ཡོད་པའི་མང་ཚོགས་གནས་སྤོ་རྒྱུ་བཀོད་སྒྲིག་བྱས་པ་དང་འབྲེལ་འཕྲལ་སྡོམ་ཉེན་སྲུང་ཐད་གྲ་སྒྲིག་ཀྱང་བྱས་པ་རེད། ལྷུན་གྲུབ་རྫོང་ཆུ་བེད་ཅུས་ཀྱི་མཐོ་རིམ་བཟོ་སྐྲུན་དགེ་རྒན་དཔལ་འབྱོར་གྱིས་ད་ཐེངས་ནང་སྦྱོང་བྱས་དོན་ནི《ལྷན་གྲུབ་རྫོང་གི་ཆུ་ལོག་གི་གནོད་འཚེ་སྔོན་འགོག་བྱེད་པའི་ཇུས་གཞིའི》ལག་བསྟར་བྱེད་འཐུས་རང་བཞིན་དང་དངོས་སྦྱོང་རང་བཞིན་ལ་སྔར་བས་ཞིབ་བཤེར་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཆུ་ལོག་གི་གནོད་འཚེ་འགོག་པའི་རྒྱུན་ཤེས་ཤེས་རྟོགས་ཐུབ་པ་དང་། རིམ་པ་དབྱེ་ནས་སྔོན་ཚུད་ཉེན་བརྡའི་བརྡ་རྟགས་ཁོང་དུ་ཆུད་པ། ཆུ་ལོག་གི་གནོད་འཚེ་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།
ནང་སྦྱོང་བྱེད་རིང་།མི་སྣ་ཡོངས་ཀྱིས་ནང་སྦྱོང་བཀོད་སྒྲིག་གི་བླང་བྱ་ལྟར།བསམ་པའི་ཉམས་འགྱུར་བཟང་པོ་དང་།འགན་འཁྲི་ནན་ཏན་ངང་བསྒྲུབས་པ། ཆེད་ལས་ཀྱི་ཉེན་སྲུང་རོགས་སྐྱོབ་ནུས་པ་བཅས་ཀྱི་ཐོག་ནས་ཆུ་ལོག་བྱུང་སའི་ཁུལ་གྱི་ཆུ་རགས་དང་།དེ་བཞིན་ཆུ་སྦུག་ཉམས་གསོ་བྱེད་པ། སྨད་རྒྱུད་ཀྱི་ཉེན་ཁ་ཆེ་བའི་མང་ཚོགས་དུས་ཐོག་ཏུ་བདེ་འཇགས་ས་ཁུལ་དུ་གནས་སྤོ་སྒྱུར་བྱེད་པ།གནོད་འཚེ་ཕོག་པའི་རྨས་མར་སྲོག་སྐྱོབ་སྨན་བཅོས་བྱེད་པ། སྐྱོན་ཤོར་བའི་འཕྲིན་གཏོང་དང་གློག་ཆད་པའི་ཁུལ་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་པ་སོགས་ནང་སྦྱོང་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད་པ་རེད།
ལྷུན་གྲུབ་རྫོང་བྱང་ཁ་ཤང་མདུན་གྲོང་གྲོང་ཚོའི་རིན་ཆེན་སྒང་ཚོགས་ཆུང་གི་ཡུལ་མི་ལྷ་དབང་དཔལ་འབྱོར་གྱིས་དེ་རིང་ནང་སྦྱོང་བྱས་པ་བརྒྱུད།གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། སླད་ཕྱིན་ང་ཚོའི་གྲོང་ཚོར་ཆུ་ལོག་གི་གནོད་འཚེ་ཐོན་ཚེ་ང་ཚོས་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁ་གཏད་ཡག་པོ་འཇལ་ཐུབ་པར་མ་ཟད།སྲུང་སྐྱོབ་ཀྱང་ཡག་པོ་བྱེད་ཐུབ་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社