ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་25ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས(ཚན་རྩལ་མཐུན་ཚོགས་)ཀྱིས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བར་བྱེད་ཅེས་གཙོ་དོན་དུ་བྱས་པའི་2024ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོ་གཉེར་བ་རེད།
གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཀྲའོ་ཧྲི་ཏུང་གིས་བསྟན་དོན།ལྷ་ས་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་དང་ཁྱབ་གདལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་ལྗོངས་ཡོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་གཏོད་རྒྱུར་གཞོལ་བཞིན་ཡོད། མིག་སྔར་མཐོ་གསར་ལག་རྩལ་གྱི་ཁེ་ལས་མང་པོ་ཡོད་པ་དང་།ཚན་རྩལ་ཡར་ཐོན་ཡོང་བར་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། ཚན་པ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས་པ་དང་། ཚན་རྩལ་ལས་དོན་པས་ལས་འགན་ཕྲག་ཏུ་འཁུར་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ། གསར་འགྱུར་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་གསར་གཏོད་ཀྱི་རྣམ་པ་བསྐྲུན་དགོས་པ། རྒྱ་ཆེའི་མང་ཚོགས་ལས་དོན་དེའི་ནང་ཧུར་ཐག་ཞུགས་ནས་ཚན་རིག་གི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ།ལྷ་སའི་ཚན་རྩལ་གསར་གཏོད་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་བསྐྲུན་ཆེད་ཚན་རྩལ་གྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社