分享按钮

ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་26ཉིན་གློག་འཕྲིན་འབྱོར་གསལ།ཉེ་ཆར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོར་ཤེས་རྟོགས་བྱས་ཏེ།ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད།

ཞི་ཅིན་ཕིང་གིས་ངས་ཁྱེད་ཚོ་ཚང་མའི་འཕྲིན་ཡིག་བཀླགས་རྗེས་ཡིག་འབྲུའི་དབར་དང་རི་མོའི་ཐོག་ནས་ཚང་མས་ཀྲུང་གོའི་རིག་གནས་ལ་བཅངས་པའི་དགའ་ཞེན་དང་།རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་རེ་སྒུག་བྱེད་པའི་ཚོར་སྣང་བྱུང་།ལོ་5ཡི་གོང་ང་དང་སྲིད་འཛིན་མུའུ་ཧན་མོ་ཏེ་མཉམ་དུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་སྤེལ་འགོ་བཙུགས་པ་ཡིན།ད་ཆ་རྒྱ་ཡིག་སྦྱོང་བ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ནས། ཁྱེད་ཚོ་ལྟ་བུའི་ཀྲུང་གོ་དང་ཨ་རབ་དབར་གྱི་སྤེལ་རེས་ཕོ་ཉ་ཆུང་ཆུང་ཁག་གཅིག་གསོ་སྐྱོང་བྱས་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གིས་ཁྱེད་ཚོས་འཕྲིན་ཡིག་ནང་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ལག་གདང་སྦྲེལ་ནས་ལོ་ངོ་40ཕྱིན་ཡོད།ཀྲུང་གོ་དང་ཨ་རབ་གཉིས་ནམ་ཡང་གྲོགས་པོ་བཟང་པོ་ཡིན་པའི་རེ་བ་ཡོད་ལ་ཀྲུང་གོ་མི་དམངས་ཀྱིས་ཀྱང་དེ་དང་འདྲ་བའི་བསམ་འདུན་བཅངས་ཡོད་ཅེས་བྲིས་འདུག གཞོན་ནུ་ལོ་ཆུང་གིས་ཀྲུང་ཨ་མཛའ་གྲོགས་འབྲེལ་བའི་འབྱུང་འགྱུར་མཚོན་གྱི་ཡོད།ཁྱེད་ཚོ་ཀྲུང་གོར་དོམ་ལ་ལྟ་བ་དང་ལྕགས་རི་རིང་པོར་འཛེགས་པར་ཡོང་ནས་ནར་སོན་རྗེས་ཀྲུང་གོར་སློབ་ཆེན་སློབ་སྦྱོང་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་དེ་བས་མང་བས་རྒྱ་ཡིག་སློབ་སྦྱོང་དང་ཀྲུང་གོར་ཤེས་རྟོགས་བྱས་ཏེ་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་སྤེལ་རེས་དང་།ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ།མཛའ་གྲོགས་ཀྱི་ས་བོན་སེམས་ཀྱི་ཞིང་སར་བཏབ་ནས་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

2019ལོའི་ཟླ་7པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐབས་དེ་དུས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ཨ་པུའུ་ཀྲ་པིའི་མུའུ་ཧན་མོ་ཏེས་ཐུན་མོང་ཐོག་དཔང་པོ་བྱས་པའི་འོག་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་པེ་ཅིང་དུ་བརྗེད་ཐོར་མིང་རྟགས་བཀོད་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་དངོས་སུ་སྤེལ་འགོ་ཚུགས་པ་རེད།མིག་སྔའི་བར།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭ་171གིས་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པ་དང་སློབ་མ་ཁྲི་7.1གིས་རྒྱ་ཡིག་སློབ་སྦྱོང་བྱས་པ་རེད།ཉེ་ཆར།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་ཀྱི་དཔེ་སྟོན་སློབ་གྲྭ་ཧ་མུའུ་ཏན་སློབ་གྲྭ་དང་ཡ་སི་སློབ་གྲྭའི་སློབ་གྲྭ་འབྲིང་ཆུང་གི་འཐུས་མི་40ཡིས་ཁག་སོ་སོར་རྒྱ་ཡིག་གི་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཀྲུང་གོའི་རིག་གནས་ལ་བཅངས་པའི་ཡིད་སྨོན་དང་དགའ་ཞེན་མཚོན་པ་དང་།ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་གྲོགས་ཕོ་ཉ་བྱ་རྒྱུའི་སེམས་ཐག་བཅད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182016.html 1 ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི་སློབ་གྲྭ་བརྒྱའི་རྣམ་གྲངས་ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་གནང་བ། /enpproperty-->