分享按钮

གནའ་བོའི་DNAལ་ཞིབ་འཇུག་བྱས་ནས་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་རྒྱུད་རྒྱུའི་རིམ་འགྱུར་ལོ་རྒྱུས་བསྐྱར་དུ་བསྒྲིཊ་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་ཚན་རིག་པས་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་གནའ་བོའི་མི་ཚོགས་ཀྱི་DNAརྒྱུད་རྒྱུའི་ཆ་འཕྲིན་ལ་ཞིབ་འཇུག་བྱས་ཏེ། སྔོན་གྱི་ལོ་ངོ་3500ཚུན་གྱི་ཁུལ་དེའི་མི་ཚོགས་ཀྱི་རྒྱུད་རྒྱུའི་རིམ་འགྱུར་གྱི་ལོ་རྒྱུས་བསྐྱར་དུ་བསྒྲིགས་པ་རེད། ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡིས་གསར་དུ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཚེས་23ཉིན་ཁྱབ་བསྒྲགས་བྱས་ཤིང་། དེ་ལས་མངོན་པར་གཞིགས་ན། བོད་ལྗོངས་ཀྱི་མངའ་རིས་ས་ཁོངས་ཀྱི་གནའ་བོའི་མི་ཚོགས་ཀྱི་རྒྱུད་རྒྱུའི་གྲུབ་ཆ་དེ་ནི་ལྷོ་ཁ་དང་གཞིས་ཀ་རྩེ་ས་ཁུལ་གྱི་གནའ་བོའི་མི་ཚོགས་ཀྱི་རྒྱུད་རྒྱུ་དང་འདྲ་བར་མ་ཟད། སྔོན་གྱི་ལོ་3500ནས་ད་ལྟའི་བར་རྒྱུད་རྒྱུའི་གྲུབ་ཆ་གཙོ་བོར་འགྱུར་ལྡོག་ཆེན་པོ་ཕྱིན་མེད་པ་རེད།

ཞིབ་འཇུག་གི་རྣམ་གྲངས་དེ་ནི་ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་སུའོ་ཡི་ཧྥུ་ཆའོ་མེ་ཞིབ་འཇུག་པའི་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་སོགས་ཀྱིས་མཉམ་ལས་བྱས་ནས་སྤེལ་བ་ཞིག་རེད།

བོད་ལྗོངས་ཀྱི་ནུབ་རྒྱུད་མངའ་རིས་ས་ཁུལ་ནི་མཚོ་བོད་ས་མཐོ་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་དབུས་མ་བཅས་ཀྱི་འབྲེལ་མཚམས་ཤིག་ཡིན་པ་དང་། དེ་ནི་ཁོང་ཚོའི་གནའ་བོའི་འབྲེལ་ལམ་ཞིག་ཏུ་གྱུར་ཡོད། དེའི་སྔོན་གྱི་རིག་གཞུང་ལས་རིགས་ཀྱིས་ས་ཁོངས་དེའི་གནའ་བོའི་མི་ཚོགས་ཀྱི་རྒྱུད་རྒྱུའི་ལོ་རྒྱུས་ལ་རྒྱུས་མངའ་ལོན་ཚད་དེ་ཙམ་གྱིས་འཐུས་ཚང་བྱུང་མེད།

ཧྥུ་ཆའོ་མེ་ཡིས་གསར་འགོད་པར་གསུངས་དོན། ཞིབ་འཇུག་ཚོགས་པས་མངའ་རིས་ས་ཁུལ་དུ་ལོ་3500ནས་ལོ་300བར་གྱི་གནའ་ཤུལ་6ནས་སྒེར་གྱི་རྒྱུད་རྒྱུའི་ཚན་པ་6སྔོན་དཔག་ཐུབ་པ་དང་། གྲངས་གཞི་དེ་དག་ནི་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་གད་པ་སེར་རུལ་དང་། གསང་མདའ་ལུང་སྒོ། གུ་གེའི་གནའ་ཤུལ་སོགས་ཀྱི་ས་འོག་ནས་ཐོན་པའི་དངོས་པོའི་མ་དཔེ་ལས་གྲུབ་ཅིང་། ཁྱབ་བསྒྲགས་ཟིན་པའི་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་གྲངས་གཞི་དང་ཟུང་འབྲེལ་བྱས་ནས་མཚོ་བོད་ས་མཐོའི་ནུབ་རྒྱུད་ས་ཁུལ་གྱི་སྔོན་གྱི་ལོ་3500ཚུན་གྱི་མི་ཚོགས་ཀྱི་རྒྱུད་རྒྱུའི་རིམ་འགྱུར་ལོ་རྒྱུས་བསྐྱར་དུ་བསྒྲིགས་པ་རེད།

ཞིབ་འཇུག་གི་གྲུབ་འབྲས་དངོས་ལས་ར་འཕྲོད་པར་གཞིགས་ན། མཚོ་བོད་ས་མཐོའི་ལྷོ་རྒྱུད་དང་ནུབ་རྒྱུད་ཀྱི་གནའ་བོའི་མི་ཚོགས་དབར་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་ནང་འཁོད་པ་ལས་ཀྱང་དེ་བས་རྙོག་འཛིང་ཆེ་བ་དང་། ལོ་1800ཡི་སྔོན་དུ་མཚོ་བོད་ས་མཐོའི་ལྷོ་རྒྱུད་ནས་ནུབ་རྒྱུད་དུ་མི་ཚོགས་ཐེངས་མང་འཕེལ་ཞིང་། དེ་ནི་དུས་རབས་བདུན་པའི་དུས་འགོར་ཐུ་བྷོད་ནུབ་ཏུ་རྒྱ་བསྐྱེད་པའི་དུས་ཚོད་ལས་སྔ་བ་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181572.html 1 གནའ་བོའི་DNAལ་ཞིབ་འཇུག་བྱས་ནས་མཚོ་བོད་ས་མཐོའི་ནུབ་རྒྱུད་ཀྱི་རྒྱུད་རྒྱུའི་རིམ་འགྱུར་ལོ་རྒྱུས་བསྐྱར་དུ་བསྒྲིཊ་པ། /enpproperty-->