分享按钮

(པར་ངོས་དང་པོར་མཐུད) གོང་འཕེལ་གཏོང་རྒྱུར་གདམ་ག་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ཞིང་འབྲོག མཐོ་གསར་གྲངས་འཛིན། བོད་སྨན་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་མུ་མཐུད་སྟོབས་ཆེར་བཏང་སྟེ་ས་མཐོའི་ཡང་བའི་བཟོ་ལས་སོགས་གསར་དར་ཐོན་ལས་མགྱོགས་མྱུར་སྐྱེད་བསྲིངས་བྱས་ཏེ་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཉེ་བའི་ལོ་ཤས་རིང་། ཆུ་ཤུར་རྫོང་གིས་བཞོན་མའི་གསོ་ཚགས་ར་བ་ཚད་ལྡན་ཅན་དང་། དེང་རབས་ཅན། གཞི་ཁྱོན་ཅན་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་ནས་བཞོན་མའི་གསོ་ཚགས་ལས་རིགས་འཕེལ་རྒྱས་མགྱོགས་པོ་བྱུང་བས“དཀར་ཆུའི་ལས་རིགས་དར་རྒྱས་གཏོང་བའི”ཐད་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་ཏེ་ཕྱུག་འགྱུར་ཡོང་བར་འགན་ལེན་དེ་བས་ཐུབ་ཡོད། མིག་སྔར་རྫོང་ཡོངས་ཀྱི་གཞི་ཁྱོན་ལྡན་པའི་བཞོན་མ་གསོ་ཚགས་ར་བ་3དང་། གསོ་ཚགས་དུད་ཚང་ཆེ་གྲས་དང་མཉམ་ལས་ཁང་5ཡོད་པ་རེད། བུ་ཆུང་གནས་སའི་ཆུ་ཤུར་རྫོང་ཚ་རགས་ཤང་དཔལ་གླིང་གྲོང་ཚོར་མིག་སྔར་བཞོན་མ་གསོ་ཚགས་དང་འབྲེལ་བ་ཡོད་པའི་དུད་ཚང་21ཡོད། བུ་ཆུང་གིས་དུད་ཚང་དབྱེ་ནས་གསོ་ཚགས་དང་། གཅིག་སྡུད་གསོ་ཚགས། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད། བཞོན་མ་གསོ་ཚགས་ར་བ་རིམ་བཞིན་རྒྱས་སྐྲུན་བྱས་པས་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད། བོད་ལྗོངས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གོ་སྐབས་ཀྱི་དུས་སུ་གནས་ཡོད་པ་དང་། ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། མི་འབོར་གྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་རྩེག་སྣོན་བྱས་ནས་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད། ཐོན་ཁུངས་ཀྱི་ཁྱད་ཆོས་དང་རང་ངོས་འཕེལ་རྒྱས་ཀྱི་ཆ་རྐྱེན་ལ་གཞི་ཚུགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་དེ་དམ་འཛིན་ཏན་ཏིག་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་ཐད་མུ་མཐུད་འབད་བརྩོན་བྱས་ནས་བཞོན་མ་གསོ་ཚགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་བསམ་བློ་ཆབ་སྲིད་གྱི་དགེ་རྒན་དབྱང་ལུང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ངས་བལྟས་ན། སློབ་གསོའི་དེང་རབས་ཅན་ནི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ངེས་པར་དུ་དགོས་པའི་དོན་སྙིང་གལ་ཆེན་ཞིག་རེད། སློབ་གསོའི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་བོད་ལྗོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་སློབ་གྲྭའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ་བློས་འགེལ་ཆོག་པ་དང་། བེད་སྤྱོད་ཆོག་པ། ཉར་ཆོག་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣའི་དཔུང་ཁག་སྔར་ལས་མང་བ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་བྱེད་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་བཤད་པ་རེད།

རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གྱི་ཀྲེན་ཀྲང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐོར་གླེང་ཞིང་། རི་བོ་ཆེ་གྲོང་རྡལ་གཤམ་ཁྱིམ་གྲོང་ཚོས་ཡུལ་བབ་དང་བསྟུན་ནས་ས་གནས་དེ་གའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ནི་དཔེ་མཚོན་ཡག་པོ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད། 2018ལོའི་ཟླ་6པར་གཤམ་ཁྱིམ་གྲོང་ཚོས་གྲོང་ཚོ་དེ་གའི་ཁྱད་ལྡན་ཐོན་ཁུངས་གཙོ་བོར་བཟུང་ནས་རི་བོ་ཆེ་རྫོང་ཉུང་མ་འདེབས་འཛུགས་ཞིང་པའི་མཉམ་ལས་ཁང་ཐོ་འགོད་བྱས་ཏེ་རྒྱ་ཆེའི་ཡུལ་མི་རྣམས་ཀྱིས་ཉུང་མའི་ཟས་རིགས་སྣ་ཚོགས་བཟོ་རྒྱུར་ཁྲིད་སྟོན་བྱས་པ་དང་། བྲོ་བ་ཞིམ་ཞིང་འཚོ་བཅུད་ཀྱི་རིན་ཐང་ལྡན་པའི་ཟས་རིགས་སྣ་ཚོགས་བོད་ཀྱི་ས་གནས་ཁག་དང་སི་ཁྲོན་ཁྲེང་ཏུའུ་སོགས་སུ་ཕྱིར་འཚོང་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བའི་ཐད་སྐུལ་ཁྲིད་ཐུབ་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་དར་རྒྱས་འགྲོ་བཞིན་ཡོད་པ་རེད། རི་བོ་ཆེ་གྲོང་རྡལ་གྱི་ཀྲེན་ཀྲང་གིས་སླད་ཕྱིན་གྱི་ལས་དོན་ཁྲོད། གཤམ་ཁྱིམ་གྲོང་ཚོས་ཉུང་མའི་ཐོན་རྫས་ཀྱི་སྤུས་རྟགས་རིམ་སྤོར་དང་ཐུམ་སྒྲིལ་གསར་བརྗེས་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ལེགས་ཆ་འབུར་དུ་ཐོན་ཐུབ་པ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཉུང་མའི་ཐོན་རྫས་དེ་བས་མང་བ་དང་དེ་བས་ལེགས་པ་ཟམ་མི་ཆད་པར་གཏོད་རྒྱུ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་བཏང་སྟེ་གྲོང་ཚོའི་ཐུན་མོང་གི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-27 6 6 拉萨日报藏文 c181571.html 1 /enpproperty-->