分享按钮

ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་ཁུལ་དཔེ་སྟོན་ས་ཚིགས་ཁག་དང་པོའི་བྱང་བུ་སྤྲོད་པའི་མཛད་སྒོ་དང་ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དར་སྤེལ་དང་།རྒྱུན་འཛིན།སྲུང་སྐྱོང་བཅས་ཀྱི་ལས་དོན་དེ་བས་ལེགས་པའི་སྒོ་ནས་ཡག་པོ་བསྒྲུབ་ཆེད།ཟླ་5ཚེས་24ཉིན།ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་།གྲོང་ཨུད་དྲིལ་བསྒྲགས་པུའུ།གྲོང་ཁྱེར་ལུས་རྩལ་ཅུས།གྲོང་ཁྱེར་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་བསྒྲུབ་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་ཁུལ་དཔེ་སྟོན་ས་ཚིགས་ཁག་དང་པོའི་བྱང་བུ་སྤྲོད་པའི་མཛད་སྒོ་དང་ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་ཆུ་མིག་ལམ་འདམ་རའི་སྤྱི་གླིང་དུ་འཚོགས་པ་རེད།འབྲེལ་ཡོད་འགོ་ཁྲིད་ཀྱིས་རྫོང་རྒྱབ་ཀླུ་ཁང་དང་།ལྷ་ཀླུ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སོགས་ཚན་པ་14ལ་བྱང་བུ་སྤྲད་པ་རེད།

སྒོར་གཞས་འགྲན་བསྡུར་ཆེན་མོ་དེ་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འཐུས་མི་རུ་ཁག་གིས་འཁྲབ་པའི་ལེ་ཚན《གངས་ལྗོངས་ཀྱི་བུ་མོ》ཞེས་པའི་ཁྲོད་འགོ་ཚུགས་པ་དང་།《བཀྲ་ཤིས་པའི་སྒོར་གཞས》དང《འཛོམས་ཤོག འཛོམས་ཤོག》ཅེས་པ་སོགས་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་།འགྲན་བསྡུར་ཧྲིལ་པོ་ངོ་མཚར་ཆེ་བ་དང་།མཐོ་རླབས་འཕྱུར་བ།རྣམ་པ་ཟབ་མོ་བཅས་བྱུང་བས་ལྟད་མོ་བ་ཚོས་ཐལ་མོ་དྲག་པོ་བརྡབས་པ་རེད།

སྒོར་གཞས་འགྲན་བསྡུར་ཆེན་མོ་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་ཁུལ་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་།རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་མཉམ་འདྲེས་རྣམ་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁྱད་ལྡན་རིག་གནས་དང་།ལུས་རྩལ།ཡུལ་སྐོར་བཅས་ཀྱི་སྤུས་རྟགས་གཏོད་པའི་ཚོད་ལྟ་ནུས་ལྡན་ཞིག ལྷ་སའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དུས་རབས་གསར་པའི་ལྷ་སའི་གཟུགས་བརྙན་གསར་པ་མངོན་པའི་གཞི་རྟེན་གལ་ཆེན་ཞིག་བཅས་ཡིན་པ་རེད།ད་ཐེངས་ཀྱི་སྒོར་གཞས་འགྲན་བསྡུར་ནང་འཐུས་མི་རུ་ཁག་23ཞུགས་པ་དང་།འགྲན་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད།འགྲན་བསྡུར་ནང་ཞུགས་མཁན་རུ་ཁག་གིས་སྒོར་གཞས་ཀྱི་མཐུན་སྒྲིལ་དང་།དགའ་སྤྲོ།བཀྲ་ཤིས་པ་བཅས་ཀྱི་རིག་གནས་ཀྱི་ནང་དོན་དེ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་བསྟན་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་སྒོར་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་ཐུབ་པར་མ་ཟད།གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་ཧུར་ཐག་ཞུགས་པའི་སྤྲོ་སེམས་སྔར་བས་འཕེལ་བར་སྐུལ་འདེད་བཏང་བ་དང་།ལུས་རྩལ་སྦྱོང་བརྡར་གྲོང་གསེབ་ཁུལ་དང་།སྡེ་ཁུལ།དམངས་ཡོངས་བཅས་ལ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ཡོད།

འགྲན་བསྡུར་ནང་ཞུགས་མཁན་བསོད་ནམས་ལྷ་སྐྱིད་ཀྱིས་ངས་དེ་རིང་སློབ་གྲྭའི་ཚབ་ཞུས་ནས་འགྲན་བསྡུར་ནང་ཞུགས་པར་ཡོང་བ་ཡིན།ང་ཚོའི་བསམ་བློའི་སྙིང་སྟོབས་ཡག་ཤོས་མངོན་ནས་མི་དེ་བས་མང་བ་ཞིག་ལ་སྒོར་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པའི་རེ་བ་ཡོད་ཅེས་བཤད།

ད་ཐེངས་ཀྱི་སྒོར་གཞས་འགྲན་བསྡུར་གཉེར་བའི་དམིགས་ཡུལ་གཙོ་བོ་ནི་ཞབས་བྲོར་དགའ་པོ་བྱེད་མཁན་ལ་སྟེགས་བུ་བསྐྲུན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།སླད་ཕྱིན་ང་ཚོས་དེ་དང་འདྲ་བའི་བྱེད་སྒོ་མུ་མཐུད་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཡག་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས།ལུས་རྩལ་པར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་མིང་གིས་བཤད།

ད་ཐེངས་ཀྱི་སྒོར་གཞས་འགྲན་བསྡུར་ཆེན་མོའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་དེ་ཟླ་6ཚེས་5ཉིན་རྫོང་རྒྱབ་ཀླུ་ཁང་དུ་འཚོག་རྒྱུ་དང་འཁྲབ་སྟོན་འགྲན་བསྡུར་དེ་ཟླ་7ཚེས་1ཉིན་ཀྲུང་ཧྭའི་རིག་གནས་གཙོ་དོན་སྤྱི་གླིང་དུ་འཚོག་རྒྱུ་ཡིན་པ་རེད།

(བུ་ཆུང་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ་དང་།གཙོ་སྐྱོང་བས་འགྲན་ཞུགས་རུ་མིར་འགྲན་བསྡུར་གྱི་སྒྲིག་སྲོལ་གསལ་བཤད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-26 6 6 拉萨日报藏文 c181556.html 1 ལྷ་ས་གྲོང་ཁྱེར་གྱི་གྲོང་མིའི་སྤྲོ་གསེང་ཁུལ་དཔེ་སྟོན་ས་ཚིགས་ཁག་དང་པོའི་བྱང་བུ་སྤྲོད་པའི་མཛད་སྒོ་དང་ལྷ་སའི་སྒོར་གཞས་འགྲན་བསྡུར་ཆེན་མོ་སྐབས་གཉིས་པ་འཚོགས་པ། /enpproperty-->