ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་23ཉིན། ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་ཤིང་། ཚོགས་འདུར་ཞུགས་མཁན་གྱི་འཐུས་མི་150ལྷག་ཙམ་གྱིས་ཚོགས་ཆུང་ཁག་བགོས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཁྱེར་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་དང་། ལས་དོན་སྙན་སྒྲོན་དང་རིག་རྩལ་ལྷན་ཚོགས་ཀྱི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)ལ་གྲོས་ཞིབ་བྱས་ནས་དུས་རབས་གསར་པའི་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུའི་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
ཚོགས་ཞུགས་འཐུས་མི་ཚོས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་དམིགས་ནས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་སྒྱུ་རྩལ་ལས་རིགས་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་རིག་གནས་སྒྱུ་རྩལ་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་ལེན་མཐར་ཕྱིན་ཡག་པོ་བཅས་བྱེད་པའི་ཐད་གཏམ་བཤད་གང་ལེགས་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་འཐུས་མི་ཧོ་ཅུན་ཅེ་ཡིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཁྱོན་ཡོངས་ནས་གཏིང་ཟབ་ལ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་མུ་མཐུད་རྒྱ་ཡིག་ཡག་པོ་འབྲི་རྒྱུ་དང་གོ་བ་ཡག་པོ་བླངས་ནས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
ལྷ་ས་གྲོང་ཁྱེར་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཀྲའོ་ཡན་གྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱིས་མི་སེམས་འགུལ་བ་དང་ངར་ཤུགས་སླེབས་པར་སྐུལ་མ་ཐེབས་བྱུང་། ཤོག་བུ་དང་བརྐོས་དཀྲོལ་བཟོ་རྩལ་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་ལས་དོན་དང་གསར་རྩོམ་ཁྲོད་རང་ཉིད་ཀྱི་ནུས་ཤུགས་སྔར་བས་འདོན་སྤེལ་བྱས་ཏེ་བརྩམས་ཆོས་ལ་བརྟེན་ནས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་རང་ཉིད་ཀྱི་ཆོད་སེམས་སྔར་བས་མཚོན་པར་བྱེད་པ་དང་། བརྩམས་ཆོས་ལ་བརྟེན་ནས་མི་རིགས་རིག་གནས་སྔར་བས་ལེགས་པར་མཚོན་པ་དང་ཏང་གི་བྱས་རྗེས་རླབས་ཆེན་ལ་བསྟོད་བསྔགས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
ལྷ་ས་གྲོང་ཁྱེར་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་འཐུས་མི་རྟ་མགྲིན་ནོར་བུ་ཡིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱིས་ང་ཚོའི་སླད་ཕྱིན་གྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་དམིགས་ཚད་ཁ་གསལ་བཏོན་ཡོད། སླད་ཕྱིན་གྱི་ལས་དོན་ཁྲོད་ངས་དེ་བས་ཕུན་སུམ་ཚོགས་པའི་རྣམ་པ་དང་དེ་བས་ལེགས་པའི་འཐབ་འཛིང་གི་སྙིང་སྟོབས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་ཡིན་པ་དང་། རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན། གྲོས་བསྡུར་བྱེད་རིང་། ཚང་མར་ངོས་འཛིན་གཅིག་མཐུན་བྱུང་བ་ལྟར་ན། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ནི་ཚུགས་གནས་མཐོ་ཞིང་གཙོ་གནད་མངོན་གསལ་དོད་པ། ཁྱོན་ཡོངས་གཏིང་ཟབ་པ། དངོས་ཐོག་བདེན་འཚོལ་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་ཡིན་ཞིང་།ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ནས་བཟུང་ལྷ་སའི་རིག་རྩལ་བྱ་གཞག་དང་རིག་རྩལ་ལྷན་ཚོགས་ཀྱི་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་ཁས་ལེན་གང་ལེགས་བྱས་པ་དང་། དུས་རབས་གསར་པའི་ལྷ་སའི་རིག་རྩལ་ལས་དོན་ཐད་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་ལས་དོན་པར་རེ་བ་ནན་པོ་དང་བླང་བྱ་ཁ་གསལ་བཏོན་ཡོད།
ལྷ་ས་གྲོང་ཁྱེར་རོལ་དབྱངས་མཐུན་ཚོགས་དང་གཞས་གདངས་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་འཐུས་མི་བློ་བཟང་བཀྲ་ཤིས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ནི་ཚུགས་གནས་མཐོ་བ་དང་གཙོ་གནད་མངོན་གསལ་དོད་པ་ཞིག་ཡིན་པས་ང་ཚོས་ལྷ་སའི་རིག་གནས་རྒྱུན་འཛིན་དར་སྤེལ་དང་ལྷ་སའི་སྙིང་སྟོབས་སྔོག་འདོན་གསོ་སྐྱོང་བྱེད་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ཁུར་ནས་ལྷ་སའི་སྙིང་སྟོབས་ཀྱི་ལས་འགན་སྒྲུབ་སེམས་སྔོག་འདོན་བྱ་རྒྱུ་དང་།ལྷ་སའི་རིག་གནས་ལ་བརྟེན་ནས་རིག་གནས་ལྡན་པའི་ལྷ་ས་འཛུགས་སྐྱོང་དང་། མི་དམངས་ཀྱི་ཁྲོད་ནས་མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་མྱོང་ཚོར་ཐུབ་པར་བྱས་ནས་ལྷ་སའི་ཁྱད་ཆོས་དང་། ལྷ་སའི་རྣམ་པ། ལྷ་སའི་ཉམས་འགྱུར་སོགས་མངོན་པའི་རིག་རྩལ་ཀྱི་བརྩམས་ཆོས་བརྩམས་ཏེ།རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་ཆེད་དུ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
ལྷ་ས་གྲོང་ཁྱེར་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་འཐུས་མི་འཆི་མེད་ཚེ་རིང་གིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གསུང་བཤད་གནང་བ་དེས་ང་ཚོར་སྐུལ་མ་ཆེན་པོ་ཐེབས་བྱུང་། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གསུང་བཤད་གནང་སྐབས།རིག་རྩལ་གསར་རྩོམ་གྱི་ཁྲིད་སྟོན་ཡང་དག་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱེད་དགོས། ལྷག་པར་དུ་རིག་རྩལ་གསར་རྩོམ་དེ་ས་མཐོ་ནས་མཐོ་རླབས་སུ་འགྱུར་བར་ཏེ་རིག་རྩལ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་རྩོམ་བྱེད་དགོས་ཞེས་གསུངས་པ་དེ་ནི་ང་ཚོ་ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་ལ་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན་ཞིང་། སླད་ཕྱིན་ང་ཚོས་གཞི་རིམ་དང་མི་དམངས་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་རིག་རྩལ་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གསར་དུ་བརྩམ་རྒྱུ་ཡིན་ཞེས་བཤད་པ་རེད། (དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社