分享按钮

ལྷ་སའི་རིག་རྩལ་བྱ་གཞག་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་བ།

ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་སྐོར་བཀོད་པ།

ཟླ་ལྔ་པའི་ལྷ་ས་ནི་བསིལ་རླུང་ལྡང་ཞིང་། ནམ་མཁའ་སྔོ་ཞིང་གཡའ་དྭངས། ཟླ་5ཚེས་22ཉིན།ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ཁག་ནས་ཡོང་བའི་སྒྱུ་རྩལ་མཁས་ཅན་དང་རིག་རྩལ་ལས་དོན་པའི་འཐུས་མི་རྣམས་སྤྲོ་སེམས་འཁོལ་པོས་མཉམ་དུ་འཛོམས་ཏེ་རང་གྲོང་གི་རིག་རྩལ་བྱ་གཞག་འཕེལ་རྒྱས་དང་རིག་རྩལ་གསར་རྩོམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྷ་སའི་རིག་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་མོལ་དང་།ལྷ་སའི་རིག་གནས་དར་རྒྱས་ཀྱི་ཐབས་ལམ་ཐུན་མོང་ཐོག་འཚོལ་ཞིབ་བྱས་ཡོད།

རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་ཡིན། འདས་ཟིན་པའི་ལོ་ལྔའི་རིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་གྲོང་ཨུད་དྲིལ་བསྒྲགས་པུའི་ཐད་ཀའི་འགོ་ཁྲིད་འོག དེ་བཞིན་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་མཛུབ་ཁྲིད་ཞིབ་ཚགས་འོག ལྷ་ས་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། “གཉིས་ཀྱི་ཆེད་དུ”ཞེས་པའི་ཁ་ཕྱོགས་དང“ལོ་བརྒྱ་གཉིས”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྒྱ་ཆེའི་རིག་རྩལ་ལས་དོན་པ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ལྟེ་བར་དམ་པོར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་དར་སྤེལ་གཏོང་བ་བཅས་བྱས་པ་ཡོད་པ་དང་། དུས་རབས་ཀྱི་གསུང་སྒྲ་དང་། རྒྱལ་གཅེས་ཀྱི་གསུང་སྒྲ། མི་དམངས་ཀྱི་གསུང་སྒྲ་བཅས་རེ་རེ་བཞིན་བསྒྲགས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་རྩལ་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་ཡོད།

ཚོགས་འདུའི་རིང་རིག་རྩལ་ལས་དོན་པ་ཚོས་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས་ཏེ་འདས་ཟིན་པའི་ལོ་ལྔའི་རིང་རང་གྲོང་ལ་ཐོབ་པའི་རིག་རྩལ་གྱི་གྲུབ་འབྲས་ལ་སྤོབས་པ་ཆེན་པོ་སྐྱེས་ཤིང་། ཉེ་བའི་ལོ་ཤས་རིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་རྩལ་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པས་སྐུལ་མ་ཆེན་པོ་ཐེབས་ཡོད། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྣམ་རྒྱལ་དབང་གྲགས་ཀྱིས་དུས་ཡུན་རིང་པོའི་ནང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རིག་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ལྷ་སའི་རིག་རྩལ་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། སྒྱུ་རྩལ་མཁས་ཅན་ཚོའི་ལས་ཀ་དང་འཚོ་བར་དོ་ཁུར་ཆེན་པོ་བཅས་བྱས་པས་ང་ཚོར་དྲོ་སྐྱིད་ཐོབ་ཅིང་སྐུལ་མ་ཆེན་པོ་ཐེབས་བྱུང་ལ། ང་ཚོའི་གསར་རྩོམ་གྱི་སྤྲོ་བའང་འཕེལ་ཡོད་ཅེས་བཤད།

འདས་ཟིན་པར་ཕྱིར་མིག་ལྟ་དུས་སེམས་ཤུགས་ཆེན་པོ་འཕེལ། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་དུས་སྐུལ་མ་ཆེན་པོ་ཐེབས། ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་གྱི་ཚོགས་འདུའི་ཐོག“རིག་གནས་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བ”མཐའ་འཁྱོངས་བྱས་ནས་རིག་གནས་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ་། རིག་གནས་ལ་བརྟེན་ནས་ཐོན་ལས་དར་རྒྱས་གཏོང་བ། རིག་གནས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པ། རིག་གནས་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་ལས་གཞི་ཆེན་པོ་ལྔ་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཨུད་ཀྱིས་རིག་གནས་དེ་གྲོང་ཁྱེར་དར་རྒྱས་གཏོང་བའི་བླ་སྲོག་ཏུ་བརྩི་རྒྱུའི་ཆོད་སེམས་བརྟན་པོ་དང་རིག་རྩལ་ལ་དམ་འཛིན་ཆེན་པོ་བྱེད་པའི་བརྡ་རྟགས་དྲག་པོ་བཏོན་པ་རེད། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་འཚོགས་པ་དེས་རང་གྲོང་གི་རིག་རྩལ་ལས་དོན་གྱི་འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་ཕྱོགས་གསལ་སྟོན་བྱས་པ་དང་ལས་འགན་ཁ་གསལ་བཏོན་ཡོད། ཚོགས་ཞུགས་བློ་མཐུན་ཚོས་དུས་རབས་གསར་པའི་རིག་རྩལ་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྷ་སའི་རིག་གནས་རྒྱུན་འཛིན་ལེགས་པོ་བྱེད་པ། ཆེས་གསར་ཤོས་དང་ཆེས་མཛེས་ཤོས་ཀྱི་རིག་རྩལ་བརྩམས་ཆོས་ལ་བརྟེན་ནས་དུས་རབས་ཀྱི་གླུ་གཞས་དང་། མི་དམངས་ཀྱི་བརྩེ་དུང་མཚོན་པ། ལྷ་སར་མཛེས་སྡུག་བསྣན་པ་བཅས་ཡོང་བར་བྱེད་དགོས་ཞེས་བཤད་པ་རེད། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འོས་མི་བཀྲ་ཤིས་སྒྲོལ་མས་སླད་ཕྱིན་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་། ལྷག་པར་དུ་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་བཏོན་པའི་ཞིབ་ཕྲའི་བླང་བྱ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རིག་རྩལ་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་རྩལ་མཁས་ཅན་མཐུན་ཚོགས་ཁག་གི་སྟོབས་ཤུགས་གཅིག་སྡུད་དང་། རིག་རྩལ་གསར་རྩོམ་རྩེ་གྲར་ཤུགས་སྣོན་རྒྱག་པ། རིག་རྩལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་རྩལ་དང་བླངས་ཞབས་ཞུ་གཏིང་ཟབ་ཏུ་སྒྲུབ་པ་བཅས་བྱ་རྒྱུ་དང་།རང་གྲོང་གི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཆེན་པོར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད། གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་པར་ལེན་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་པ་རྣམ་རྒྱལ་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་བརྙན་ལེན་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་པདྨ་གཡང་འཛོམས་ཀྱིས་པར་ལེན་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། ངས་ལྷ་སའི་མཛེས་ལྗོངས་དང་རིག་གནས་མུ་མཐུད་ཟིན་ཐོར་བཀོད་ནས་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་འཛམ་གླིང་ལ་འགྲེམས་སྟོན་བྱ་རྒྱུ་ཡིན་ལ། འཐུས་མི་ཞིག་ཡིན་པའི་ངོས་ནས་གཟི་བརྗིད་ཆེ་བ་དང་། ཕྲག་ཐོག་གི་འགན་འཁྲི་ཡང་ལྕི་པོ་ཡིན་པའི་སྣང་བ་ཞིག་ཡོང་གི་འདུག སླད་ཕྱིན་གྱི་ལས་དོན་ནང་འགན་འཁྲི་དང་དུ་བླངས་ཏེ།པར་ལེན་བརྩམས་ཆོས་དེ་བས་མང་བ་དང་དེ་བས་ཡག་པའི་ཐོག་ནས་ཀྲུང་གོའི་གཏམ་རྒྱུད་དང་ལྷ་སའི་གཏམ་རྒྱུད་ཡག་པོ་བརྗོད་རྒྱུ་དང་།ལྷ་སའི་རིག་གནས་སྒྱུ་རྩལ་བྱ་གཞག་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-25 ལྷ་ས་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་སྐོར་བཀོད་པ། 6 6 拉萨日报藏文 c181471.html 1 ལྷ་སའི་རིག་རྩལ་བྱ་གཞག་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་བཏང་བ། /enpproperty-->