ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དང་བོད་ལྗོངས་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་དང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་སྒྲུབ་འགན་འཁུར་བའི་2024ལོའི་5·22རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཙོ་དོན་ཉིན་མོའི་འཆད་ཁྲིད་དེ་རང་གྲོང་དུ་གཉེར་བ་རེད།
འཆད་ཁྲིད་ནང་བོད་ལྗོངས་སློབ་ཆེན་འབྱང་ཁམས་ཁོར་ཡུག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལྷག་ཆུང་དང་འབྱུང་ཁམས་ཁོར་ཡུག་པུའུ་ནན་ཅིང་ཁོར་ཡུག་ཚན་རིག་ཞིབ་འཇུག་སོའོ་ཡི་འབུམ་རམས་པ་ཆིན་ཝུའེ་ཧྭ་ཡིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་གོ་དོན་དང་། རིན་ཐང་། ད་ལྟའི་གནས་ཚུལ། འགྲན་སློང་སོགས་ལ་དམིགས་ནས་གསལ་པོར་འགྲེལ་བཤད་བརྒྱབ་སྟེ་གསོན་ཉམས་ལྡན་པའི་གྱོད་དཔེ་དང་ཕུན་སུམ་ཚོགས་པའི་གྲངས་གཞི་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་མངོན་པར་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་དེ་འབྱུང་ཁམས་དོ་སྙོམས་སྲུང་སྐྱོང་དང་། མིའི་རིགས་ཀྱི་བདེ་ཐང་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད།
གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ལས་བྱེད་པ་བསྟན་འཛིན་གྱིས་དེ་རིང་གི་འཆད་ཁྲིད་ལ་ཉན་རྗེས་ངས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུ་ནི་ནར་འགྱངས་བྱེད་མི་རུང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཚེ་སྲོག་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་གཅེས་སྐྱོང་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས་ཞེས་བཤད།
ད་ཐེངས་ཀྱི་བྱེད་སྒོའི་ཐོག་ནས་ཚང་མས་སྐྱེ་དངོས་སྣ་མང་རང་བཞིན་ལ་ངོས་འཛིན་དང་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པར་མ་ཟད། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད་པ་རེད། ཚང་མས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤེས་བྱ་ཁྱབ་སྤེལ་ཧུར་ཐག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འབྱུང་ཁམས་རིག་པའི་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་ཆེད་ལས་ཤེས་བྱ་ཡག་པོ་སྦྱོང་བ་དང་དུས་མཚུངས་ཉེ་འགྲམ་གྱི་མི་རྣམས་ལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤེས་བྱ་ཁྱབ་གདལ་ཧུར་ཐག་བཏང་ནས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཆེད་རོགས་རམ་བྱེད་ཀྱི་ཡོད་ཅེས་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་2023ལོའི་སློབ་མ་ཝང་ཅ་མིང་གིས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社