(པར་ངོས་དང་པོར་མཐུད)སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་ཡོད། ཐག་རིང་ནས་ཡོང་བའི་སྐུ་མགྲོན་རྣམས་ལ་དགའ་བསུ་ཞུ་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་དགའ་བསུའི་མཛད་སྒོ་ཞིག་མཉམ་དུ་སྒྲིག་འཛུགས་བྱས་ཡོད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འབྲོང་རྩེད་དང་།གྲོ་སོ་ཕྱེ་མར། དཀར་གཙང་གྱི་མཇལ་དར་བཅས་ལས་ལྷ་སའི་མི་དམངས་ཀྱིས་སྤྲོ་སེམས་ཆེན་པོས་སྐུ་མགྲོན་རྣམས་ལ་བསུ་མ་ཞུས་ཡོད། ཡུལ་སྐོར་བ་རྣམས་གཅིག་རྗེས་གཉིས་མཐུད་ངང་མེ་འཁོར་ནས་བབས་ཤིང་། དམིགས་བསལ་གྱི་དགའ་བསུའི་མཛད་སྒོ་དེས་ཁོང་ཚོའི་ཡིད་དབང་འཕྲོག་ནས་བརྗེད་པར་དཀའ་བའི་སྐད་ཅིག་མ་དེ་ཁ་པར་ཐོག་ནས་པར་ལེན་བྱས་ཡོད། ཁོང་ཚོས་ད་ཐེངས་ཡུལ་སྐོར་དུ་ཡོང་དོན་ནི་བོད་ཀྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་མྱོང་རོལ་བྱ་ཆེད་ཡིན་པར་མ་ཟད། པེ་ཅིང་དང་བོད་ལྗོངས་གཉིས་ཀྱི་མཛའ་གྲོགས་ཟབ་མོར་ཡང་ཉམས་ལེན་བྱ་ཆེད་ཡིན་ཞེས་བཤད།
ཡུལ་སྐོར་བ་ཀའོ་ཆེ་གེ་མོས་ངས་བོད་ལ་ཡུལ་སྐོར་དུ་བསྐྱོད་རྒྱུར་ཡིད་སྨོན་བྱས་ནས་ལོ་མང་སོང་། ད་ཐེངས་ངའི་ཕུགས་འདུན་གཞི་ནས་མངོན་འགྱུར་བྱུང་ཞིང་།མེ་འཁོར་འབབ་ཚུགས་ཀྱི་དགའ་བསུ་མཛད་སྒོའི་ཐོག་ནས་ངས་ལྷ་སའི་མི་དམངས་ཀྱི་སྤྲོ་སེམས་ཚོར་བྱུང་། མ་འོངས་པའི་ཉིན་ཤས་རིང་གི་ཡུལ་སྐོར་ལས་ང་ལ་དགའ་འོས་པའི་ཚོར་བ་དེ་བས་མང་བ་ཞིག་ཡོང་སྲིད་ཅེས་བཤད།
ཡུལ་སྐོར་བ་ཉིའུ་ཆེ་གེ་མོས་ང་རྒན་ཡོལ་ཞུས་པ་དང་བསྟུན་ནས་རང་ཉིད་ཀྱི་ཕུགས་འདུན་ཞིག་བསྒྲུབ་འདོད་བྱུང་། དེ་ནི་ངའི་མི་ཚེ་འདིའི་ནང་ལྷ་སར་ངེས་པར་དུ་ཐེངས་གཅིག་ཡོང་དགོས་བསམ་བྱུང་། ད་ཆ་ངའི་ཕུགས་འདུན་མངོན་འགྱུར་བྱུང་སོང་།མེ་འཁོར་ནང་གི་ཆ་རྐྱེན་ཡག་པོ་ཡོད་ལ་ཞབས་ཞུ་བའི་རྣམ་འགྱུར་ཡང་ཧ་ཅང་ཡག་འདུག ལྷ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས་ལྷ་སའི་མི་དམངས་ཀྱི་དགའ་བསུ་ཆེན་པོ་ཐོབ་པར་སེམས་འགུལ་ཚད་མེད་ཐེབས་བྱུང་། སླད་ཕྱིན་གོ་སྐབས་བྱུང་ཚེ་ད་དུང་ལྷ་སར་ཡོང་གི་ཡིན་ཞེས་བཤད།
ཡུལ་སྐོར་བ་ཚོར་བོད་རིགས་ཀྱི་རིག་གནས་ཉམས་ལེན་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། བྱེད་སྒོའི་གྲ་སྒྲིག་ཚོགས་ཆུང་གིས་རིག་གནས་འགྲེམས་སྟོན་དང་མཉམ་འགུལ་གྱི་ལྷུ་ཚིགས་བཀོད་སྒྲིག་ཞིབ་ཚགས་བྱས་པར་མ་ཟད། ད་དུང་ཁྲེང་ཀོན་ཆུས་ཉང་རའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་གདན་དྲངས་ནས་ཡུལ་སྐོར་བ་ཚོར་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་བྱས་ཡོད། གླུ་སྒྲའི་འགྱུར་ཁུག་སྙན་པ་དང་འཁྲབ་སྟོན་པའི་མཉེན་ཆ་དོད་པའི་སྟངས་སྟབས་ལས་ཡུལ་སྐོར་བ་ཚོར་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་ཐུབ་པར་བྱུང་ཡོད།
ཁྲེང་ཀོན་ཆུས་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་ཆོས་སྒྲོལ་གྱིས་ཟླ་5ཚེས་19ཉིན་པེ་ཅིང་ནུབ་ཕྱོགས་ཀྱི་མེ་འཁོར་འབབ་ཚུགས་ནས་ཐོན་པའི་2024ལོའི་སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་ཐེངས་དང་པོ་དེ་རིང་ལྷ་སའི་མེ་འཁོར་འབབ་ཚུགས་སུ་འབྱོར་ཡོད་ཅིང་།དུས་ཡུན་ཉིན་14ཡི་རིང་ཡུལ་སྐོར་བ་ཚོར་མེས་རྒྱལ་གྱི་རི་ཆུར་མྱོང་རོལ་དང་།གངས་ལྗོངས་གནའ་གྲོང་།གནས་མཆོག་ལྷ་སར་ཡུལ་སྐོར་བྱེད་དུ་བཅུག་ཡོད།ཡུལ་སྐོར་ཆེད་གཏོང་མེ་འཁོར་དེར་ད་དུང་དོན་སྙིང་ལྡན་པའི་རྒྱབ་ལྗོངས་ཤིག་ཡོད་པ་དེ་ནི་པེ་ཅིང་གིས་བོད་སྐྱོར་བྱས་ནས་ལོ་30འཁོར་བ་དེ་རེད། གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་རྣམས་གངས་ལྗོངས་གནའ་གྲོང་།གནས་མཆོག་ལྷ་སར་ཡུལ་སྐོར་དུ་ཡོང་རྒྱུར་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།
ད་ཐེངས་ཀྱི་སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་བདེ་བླག་ངང་བསྐྱོད་ཐུབ་པ་དེའི་ཐོག་ནས་པེ་ཅིང་དང་བོད་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་དང་ཡུལ་སྐོར་མཉམ་ལས་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། ཡུལ་སྐོར་བ་ཚོར་བརྗེད་པར་དཀའ་བའི་མི་རིགས་རིག་གནས་ཀྱི་ཡུལ་སྐོར་ཞིག་ཀྱང་མཁོ་འདོན་བྱས་ཡོད། མ་འོངས་པའི་ཉིན་བརྒྱད་ནང་ཡུལ་སྐོར་བ་400ལྷག་ཙམ་གྱིས་བོད་ལ་ཡུལ་སྐོར་བྱེད་འགོ་ཚུགས་རྒྱུ་རེད། ཁོང་ཚོས་འཛམ་གླིང་རིག་གནས་ཤུལ་བཞག་བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལ་དང་། བོད་ཀྱི་སྐྱེད་ཚལ་གྱི་མཆོག་ནོར་ནོར་བུ་གླིང་ག ཡར་ཀླུང་གཙང་པོ་དང་ཉང་ཆུ་འདྲེས་པའི་འདམ་རའི་མཛེས་ལྗོངས་བཅས་ལ་མྱོང་རོལ་བྱ་རྒྱུ་རེད། གཞན་ཡང་།ཡུལ་སྐོར་བ་ཚོས་ད་དུང་མཛེས་སྡུག་ཡིད་དུ་འོང་བའི་བྲག་གསུམ་མཚོ་དང་། ཀླུ་ནང་ནགས་ཚལ། རི་བོ་གནམ་ལྕགས་འབར་བ། ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ། དེ་བཞིན་བོད་ཀྱི་མཚོ་ཆེན་གསུམ་གྱི་གྲས་ཡིན་པའི་ཡར་འབྲོག་གཡུ་མཚོ་བཅས་ལ་མྱོང་རོལ་རྒྱུ་རེད།
བོད་ཀྱི་ཁང་ཧུའེ་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲའོ་ཞུང་གིས་ང་ཚོས“སེམས་པ་གཅིག་ཏུ་སྦྲེལ། ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གྱི་འབྲེལ་མཐུད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འགྲུལ་བཞུད་ཀྱི་འཆར་འགོད་དང་། གསོལ་མགྲོན་ཁང་བཀོད་སྒྲིག མཛེས་ལྗོངས་ཁུལ་གདམ་ག་བཅས་ནས་ཁྱད་ལྡན་བྱེད་སྒོ་ཚང་མར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད། ལྷག་པར་དུ་ཡུལ་སྐོར་བའི་ཉམས་ལེན་ལ་སྣང་ཆེན་བྱས་ནས་ཡུལ་སྐོར་བ་ཚང་མ་བོད་ཀྱི་ཡུལ་སྲོལ་གོམས་སྲོལ་དང་རང་བྱུང་མཛེས་ལྗོངས་ལ་ཉམས་ལེན་གཏིང་ཟབ་ཐུབ་པར་བྱ་རྒྱུ་ཡིན། མ་འོངས་པའི་ཡུལ་སྐོར་ཁྲོད་སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་བ་ཞིག་ལ་ཡུལ་སྐོར་གྱི་ཉམས་ལེན་དེ་བས་ལེགས་པ་ཡོང་ཐུབ་པ་བྱ་རྒྱུ་དང་དུས་མཚུངས་པེ་ཅིང་དང་བོད་ས་ཁུལ་གཉིས་ཀྱི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་པེ་ཅིང་དང་བོད་ཀྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社