ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་ཀྱི་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་ཐོག་མ་དེ་ཉི་དྲོད་གླིང་སྡེ་ཁུལ་དུ་བཙུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་འབྲེལ་སྤྱོད་འགོ་ཡང་ཚུགས་པ་རེད།
ཁྲེང་ཀོན་ཆུས་ཨུད་རྩ་འཛུགས་པུའུ་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་རྒན་རྒོན་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཐུན་མོང་ཐོག་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད། རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་དེ་ཉི་དྲོད་གླིང་སྡེ་ཁུལ་དུ་དངོས་སུ་གཞིས་ཆགས་ནས་སྡེ་ཁུལ་གྱི་རྒན་རྒོན་གྲོང་མིའི་སློབ་སྦྱོང་བྱ་ཡུལ་གསར་པར་གྱུར་ཡོད། དེ་རྗེས་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་གི་མེ་ཏོག་སྤེལ་སྟངས་ཀྱི་སློབ་ཚན་དང་པོ་དང་ལུས་སྦྱོང་གི་སློབ་ཚན་འགོ་ཚུགས་ནས་སྡེ་ཁུལ་གྱི་རྒན་རྒོན་གྱི་ཉམས་འགྱུར་དང་གསོན་ཤུགས་གང་ལེགས་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉི་དྲོད་གླིང་སྡེ་ཁུལ་གྱི་ལས་དོན་པས་རྒྱུན་གཏན་གྱི་འཚམས་འདྲི་བྱེད་རིང་། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོའི་སེམས་གཏམ་ཉན་ནས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་སྡེ་ཁུལ་དུ་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་གཉེར་བར་འབྲེལ་གཏུགས་ཧུར་ཐག་བྱས་ཏེ་ཡིག་གཟུགས་དང་། མེ་ཏོག་སྤེལ་བ། ལག་རྡུང་རྔ། ལུས་སྦྱོང་སོགས་སྣ་མང་ཅན་གྱི་སློབ་ཚན་ཁྲིད་ནས་རྒན་རྒོན་ཚོར་སློབ་སྦྱོང་སྤེལ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས་པ་དང་ཆབས་ཅིག་རྒན་རྒོན་ཚོའི་སྤྲོ་གསེང་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་དང་། གྲོང་མིའི་དབར་གྱི་སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་བཏང་བ། རྒན་རྒོན་རྣམས་མཉམ་འཛོམས་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ཁྲོད་བརྩེ་དུང་སྤེལ་རེས་དང་ཉི་དྲོད་གླིང་སྡེ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་མྱོང་ཚོར་དང་དྲོད་གླིང་སྡེ་ཁུལ་གྱིས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བར་དོ་ཁུར་དང་མཐོང་ཆེན་བྱེད་པ་མྱོང་ཚོར་ཐུབ་པ་བྱ་རྒྱུ་རེད།
སླད་ཕྱིན།ཉི་དྲོད་གླིང་སྡེ་ཁུལ་གྱིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་མཉམ་ལས་ཟབ་ཏུ་བཏང་ནས་གྲོང་ཁྱེར་གྱི་ཚད་ལྡན་ཅན་གྱི་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་གསོ་སྦྱོང་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་སྟེ་རྒན་རྒོན་སློབ་ཆེན་གྱི་སྡེ་ཁུལ་སློབ་ཁང་དེ་རྒྱ་ཆེའི་རྒན་རྒོན་གྲོགས་པོ་རྣམས་ཀྱི་ལུས་སེམས་སྤྲོ་སྣང་དང་། བསམ་པའི་ཁྱིམ་གཞིས་སུ་འགྱུར་བར་བྱ་རྒྱུ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社