分享按钮

ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་13.7བསྐྱལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན།གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར་13.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་22.9འཕར་ནས་སྐྱེལ་འདྲེན་བདེ་འཇགས་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་བྱུང་ཡོད།

རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའུ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕར་ནས་ལེགས་སུ་འགྲོ་བ་དང་མི་སྣ་འཁོར་རྒྱུག་མགྱོགས་སུ་འགྲོ་བའི་དུས་བབ་དང་འཚམ་པར་བྱས་ཏེ། འགྲུལ་སྐྱེལ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། འགྲུལ་སྐྱེལ་མེ་འཁོར་གཏོང་བའི་ཇུས་གཞི་ལེགས་སུ་གཏོང་བ། འགྲུལ་སྐྱེལ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། དམངས་ལ་སྟབས་བདེ་དང་དམངས་ཕན་ཞབས་ཞུའི་བྱེད་ཐབས་དོན་འཁྱོལ་བཅས་བྱས་པས་འགྲུལ་སྐྱེལ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་སྐྱེལ་འདྲེན་ཐུབ་པར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་ཡོད།

ཟླ་1ནས་4བར་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་སྐྱེལ་བྱེད་ཤུགས་ཆེ་རུ་བཏང་ནས་ལྕགས་ལམ་12306མ་ལག་གི་གྲངས་གཞི་ཆེ་གྲས་བེད་སྤྱོད་གང་ལེགས་བྱས་ཏེ།འགྲུལ་པ་འགྲོ་སྐྱོད་ཀྱི་ཆོས་ཉིད་དང་འགུལ་རྣམ་ཁོང་དུ་ཆུད་པར་བྱས་ནས་གཙོ་གནད་ས་ཁུལ་དང་ཀུན་གྱིས་དོ་སྣང་བྱེད་པའི་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར་དུས་ཐོག་ཏུ་མང་དུ་བཏང་བ་དང་། རྒྱལ་ཡོངས་ལྕགས་ལམ་དུ་ཉིན་རེར་འགྲུལ་སྐྱེལ་མེ་འཁོར་10483གཏོང་བ་དེ་དུས་མཚུངས་ལས་བརྒྱ་ཆ་13.8འཕར་ཡོད་པ་རེད།

དེ་དང་ཆབས་ཅིག་ལྕགས་ལམ་སྡེ་ཚན་གྱིས་འགྲུལ་སྐྱེལ་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ཐེངས་གྲངས་རྩིས་རྒྱག་སྤ་སེ་དང་། དུས་བཀག་སྤ་སེ།ཡུལ་སྐོར་སྤ་སེ་ཆ་ཚང་སོགས་སྤ་སེའི་ལམ་ལུགས་གསར་པའི་ཞབས་ཞུ་ཁྱབ་གདལ་ཧུར་ཐག་བཏང་སྟེ་མིག་སྔར་ཐེངས་གྲངས་རྩིས་རྒྱག་སྤ་སེ་དང་། དུས་བཀག་སྤ་སེ་གཉིས་ལམ་ཐིག་60ལ་ཁྱབ་ཡོད་པ་དང་། ཡུལ་སྐོར་སྤ་སེ་ཆ་ཚང་ལམ་ཐིག་10ལ་ཁྱབ་ཡོད། འགྲུལ་པ་མེ་འཁོར་ནང་ཞུགས་པའི་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་སྡོད་སྟབས་བདེ་བའི་རླངས་འཁོར་འབབ་ཚུགས་120ཟིན་པ། དྲ་སྦྲེལ་ཐོག་ཟ་མ་མངགས་ཉོ་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་མཁན་རླངས་འཁོར་འབབ་ཚུགས་80བར་མང་དུ་བཏང་བ། མེ་འཁོར་གྱི་བཟའ་བཏུང་སྤུས་ཚད་མཐོ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ཀྱང་སྤེལ་ཡོད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-20 6 6 拉萨日报藏文 c181219.html 1 ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་སྐྱེལ་འདྲེན་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར་13.7བསྐྱལ་བ། /enpproperty-->